Saturday 26 December 2020

བྱིས་པ་ལོ་བརྒྱད་ཅན་ཞིག་གིས་བལ་ཡུལ་གྱི་གནམ་ས་བསྒུལ་བ།

གླེང་གཞི།

ཉེ་ཆར་སྤྱི་ཟླ་འདིའི་ཚེས་ ཉིན་མོར་བལ་ཡུལ་གྱི་གསར་འགོད་པ་གྲགས་ཅན་བྷཱ་གྱ་ནེའུ་པཱ་ནེ་ལགས་ཀྱིས་རང་གི་གསར་འགྱུར་བརྙན་འཕྲིན་བརྒྱུད་ལམ་དུ་པྲེན་སཱ་རེག་མཱི་ཞེས་པའི་བུ་མོ་ལོ་བརྒྱད་ཅན་ཞིག་ངོ་སྤྲོད་དང་འབྲེལ་བཅར་འདྲི་བྱས་ཡོད་པ་ཞིག་ངོ་དེབ་ཐོག་ཁྱབ་བསྒྲགས་འགྲོ་བཞིན་འདུག རྒྱུ་མཚན་ནི་བུ་མོ་དེ་ད་ཆ་ཏོག་དབྱིབས་ནད་ཡམས་ཀྱི་གཉེན་འཕྲང་འདི་ལྟ་བུའི་དུས་སུའང་། རང་ཉིད་གཅིག་པུས་སྤྱི་ཚོགས་ཀྱི་ཞབས་ཞུ་སྒྲུབ་བཞིན་པས་རེད། དེ་ཡང་མོ་རང་གི་ཕ་མས་ལེགས་སྐྱེས་དོད་དུ་གནང་བའི་སྒོར་མོས་འགྲོ་གྲོན་བཏང་སྟེ། གཙོ་བོ་མོ་རང་རང་གིས་ཞབས་ཞུ་སྒྲུབ་བཞིན་པ་དང་། མོ་རང་གི་གཅེན་པོས་མོའི་ལས་འགུལ་རྣམས་བརྙན་ལེན་སྒྲིག་སྦྱོར་བྱས་ནས་ཡུ་ཊུབ་བརྒྱུད་ཁྱབ་སྤེལ་བྱེད་ཀྱི་ཡོད་པ་རེད།  གསར་འགོད་པ་གྲགས་ཅན་བྷཱ་གྱ་ནེའུ་པཱ་ནེ་ལགས་ཀྱིས་ཁོང་མོར་བཅར་འདྲི་བྱེད་སྐབས་ཀྱི་མཐའ་མར། ཁོང་མོའི་བྱས་རྗེས་ལ་ཡི་རང་དང་ཞལ་འདེབས་མཚོན་བྱེད་བལ་སྒོར་སྔ་སྟོང་ཐམ་པ་འབུལ་ལམ་ཞུས་ཀྱང་། ཁོང་གིས་ʺང་རང་གི་ལས་འགན་དེ་ང་རང་རང་ནས་གཙང་དག་ཁུར་གྱི་ཡིན་ʺཟེར་ནས་དང་ལེན་གཏན་ནས་གནང་མེད་པ་རེད། དེ་ལྟར་རིམ་བཞིན་ཕྱིས་སུ་བལ་ཡུལ་ཁྱོན་ཡོངས་ལ་མོའི་སྐད་གྲགས་ཆོད་དུས། གསར་འགྱུར་བརྒྱུད་ལམ་ཁག་དུ་མར་མོ་ལ་བཅར་འདྲི་བྱེད་པ་སོགས་བྱུང་ཡོད། གཤམ་འདིར་ངོས་ནས་«ཁ་བར་བུལླེཊིན་ཊི་ཝི་»ཞེས་པའི་ཡུ་ཊུབ་བརྒྱུད་ལམ་ནང་ཁོང་མོས་གསུངས་པའི་གཏམ་བཤད་རྣམས་གོ་བདེ་པོའི་ཐོག་ནས་ཐད་བསྒྱུར་བྱས་ཡོད་པས། ལྷན་རྒྱས་སྤྱི་དང་ཁྱད་པར་གཞོན་སྐྱེས་ཚོར་དགའ་པོ་ཡོང་བ་དང་སེམས་ལ་ཚོར་སྣང་མི་འདྲ་བ་རེ་བྱིན་ཐུབ་པའི་རེ་བ་ཞུ།

Wednesday 4 November 2020

སེམས་རྟེན་བཙལ་བ།


སེམས་ཀྱི་རྩ་བ་སྙིང་གར་བཞུགས།།
སྙིང་ནས་ཀླད་བར་རྩ་སྦྲེལ་བས།།
སེམས་ཀྱི་གཡོ་འགུལ་ཀླད་པས་བྱེད།།
དྲན་རྟོག་ཡོད་ཚད་ཀླད་པས་བསྐོར།།

Sunday 25 October 2020

དོལ་སྐད་ཁྲོད་ཀྱི་བྱ་ཚིག་དང་འབྲེལ་བའི་ཚིག་སྡུད་ཁག

དཔྱད་གཞིའི་ཚུལ་དུ་བྲིས།


① ཚིག་སྡུད་སྡེ་ཚན་དང་པོ། 
[བྱ་ཚིག་ད་ལྟ་བ་དང་ཚིག་ཕྲད་འདྲེས་མ། ༡]
གཅོག་གི་འདུག = གཅོག་གྱིག
གསུང་གི་འདུག = གསུང་གྱིག
སྡོད་ཀྱི་འདུག = སྡོད་ཀྱིག
སྟོན་གྱི་འདུག = སྟོན་གྱིག
གཏུབ་ཀྱི་འདུག = གཏུབ་ཀྱིག
གཅོམ་གྱི་འདུག = གཅོམ་གྱིག
འགེབས་ཀྱི་འདུག = འགེབས་ཀྱིག
འགེགས་ཀྱི་འདུག = འགེགས་ཀྱིག
     འདི་དག་ནི། རྗེས་འཇུག་ཅན་གྱི་བྱ་ཚིག་ད་ལྟ་བ་རྣམས་ཀྱི་རྗེས་སུ། ཨི་ལྡན་གྱི་ཕྲད་"གྱི་ཀྱི་"གཉིས་འཇུག་ཅིང་། དེ་ལ་བསྒྲུབ་བྱའི་ཕྲད་"འདུག་"བཅས་སྦྲེལ་བས། "གྱིག་"དང་"ཀྱིག་"བཅས་སུ་གྱུར་བར་སྟོན་པ་ཡིན།

Saturday 10 October 2020

སྨྲ་ཟེར་བཤད་གསུམ་དང་འབྲེལ་བའི་དོལ་སྐད་ཀྱི་ཐ་སྙད་ལ་དཔྱད་པ།


[སྨྲ།]
བོད་ཀྱི་ཡིག་སྐད་ཁྲོད་ཀྱི་"སྨྲ་"དང་འབྲེལ་བའི་དུས་གསུམ་གྱི་ལས་ཚིག་སྟེ། "སྨྲ་བྱ་སྨྲ་བྱེད་སྨྲས་སྨྲོས་ཤིག" ཅེས་པའི་ཚིག་འདི་དག་ལས་འཕྲོས་ཏེ་བཤད་ན། སྤྱིར་ནས་དེང་སང་དོལ་པོ་བ་མང་ཆེ་བས་ཡི་གེ་བྲི་དུས། "གནའ། གནས། གནོས། ལྟ་བུའམ་ཡང་ན། མནའ། མནས། མནོས།" ལྟ་བུ་གང་རུང་བེད་སྤྱོད་ཀྱི་འདུག་ལ། དེ་སྔ་ངས་ཀྱང་ལོ་ངོ་ལྔ་དྲུག་སྔོན་ནས འཐམ་འཐོམ་ངང་གོང་གི་འབྲི་ཚུལ་གཉིས་པ་ལྟར་ལན་ཤས་བེད་སྤྱད་ཡོད་མོད། འོན་ཏེ་ཕྱིས་སུ་བསམ་གཞིག་ཅིག་བྱེད་ཞོར། དེ་ནི་བྱ་ཚིག་ཅིག་ཡིན་པས་ན། "མནོས་"ཀྱི་མ་འོངས་པའི་བྱ་ཚིག་ལ་"མནའ་"ཞེས་བྲིས་པ་ཡིན་ན། "མནའ་"ནི་སྤྱིར་བཏང་དམ་བཅའི་དོན་ལ་གོ་བ་ཡིན་པ་དང་། དེ་བཞིན་"གནའ་"དང་"གནས་"སོགས་ཏེ། དེ་དག་འཁྲུལ་གཞིར་འགྱུར་ཉེན་ཆེ་བར་དོགས་ནས་འབྲི་བར་མ་ཕོད་ལ། མ་ཟད་འཐད་པོའང་དེ་ཙམ་མ་མཐོང་ནས། དེ་ལྟར་འབྲི་རྒྱུ་བོར་བཞག་པ་ཡིན། 

Friday 9 October 2020

ཡིག་གཟུགས་ལ་གུས་ཚུལ།


ཆོས་ལུགས་དང་ནི་འབྲེལ་རུང་མ་འབྲེལ་རུང་།།
ཡིག་གཟུགས་རྣམས་ལ་གུས་པ་ལོས་དགོས་ཏེ།།
ཡིག་གཟུགས་ཇི་ཙམ་སྤྱོད་པ་དེ་ག་ཡིས།།
ཡིག་གཟུགས་ལ་ནི་མཐོང་ཆེན་སྤྲོད་པ་ཡིན།།

Thursday 17 September 2020

ང་ཚོ་ཚང་མས་མཉམ་དུ་བོད་སྐད་སྦྱོང་།


ང་ཚོའི་གདོད་མའི་མི་རིགས་བོད་པ་ཡིན།།
ང་ཚོའི་གདོད་མའི་སྐད་ཀྱང་བོད་སྐད་ཡིན།།
ང་ཚོའི་གདོད་མའི་ཡི་གེའང་བོད་ཡིག་ཡིན།། 
དེས་ན་ང་ཚོས་ཅིས་ཀྱང་བོད་སྐད་སྦྱོང་།།

Wednesday 9 September 2020

འདི་སྣང་ཀུན་གྱི་འབྱུང་གཞི།


སེམས་པ་ལ་ནི་བག་ཆགས་བརྟེན།།
བག་ཆགས་རྒྱུ་ནི་ལས་ལ་རག།
ལས་ལ་སེམས་ཤིང་བག་ཆགས་པས།།
སྣ་ཚོགས་སྣང་བ་མྱོང་བར་འགྱུར།།

Tuesday 1 September 2020

དྲན་པ་བསྟེན་ཚུལ།


དཔལ་ལྡན་བླ་མ་བརྒྱུད་པར་བཅས་པ་ཡི།།
གདམས་ངག་གཅིག་ཆོག་དྲན་རྒྱུ་མ་མང་ཨ།།
ཞེས་འདི་དོན་དུ་གནས་ཀྱང་དཔེ་ཆ་བས།།
ཐོས་པ་དོན་དུ་གཉེར་ཕྱིར་དྲན་བསྟེན་འོས།།

Sunday 9 August 2020

དུང་ཟླ་ལྷ་མོ།

༈  ཚིག་གྲོགས་འཚོལ་བའི་ལམ་ནས་ཚིགས་བཅད་ཧྲིལ་པོ་བརྗོད་བྱ་གཅིག་གི་སྟེང་དཔེར་བརྗོད་འབྲི་ཐབས་ཀྱི་མཚོན་དཔེ།

«མིང་གི་རྗེས་སུ་ཚིག་གྲོགས་འཚོལ་བ།»
             (དཀར་.......)

[དཀར་མཛེས་]ཡིད་འཕྲོག་ལྷ་མོ།།
ཁྱེད་རང་གང་དུ་བཞུགས་ཡོད།།
ང་རང་ཁྱེད་རང་མེད་ན།།
ནམ་ཡང་བདེ་ཐབས་མིན་འདུག།

Monday 8 June 2020

ས་ག་ཟླ་བ་ཞེས་པའི་ས་ག་ལ་སྒྲ་བཤད་ཡོད་མེད་སྐོར་ལན་ཕུལ་བ།


ས་གའི་མིང་ནི་རྒྱ་གར་སྐད།།
ཝཻ་ཤཱ་ཁ་འམ་ཝི་ཤཱ་ཁ།།
གང་རུང་ལས་ནི་ཟུར་ཆག་ཏེ།།
བོད་སྐད་དུ་ནི་"ས་ག་"ཆགས།།

Thursday 23 April 2020

«དབུ་མའི་གྲུབ་མཐའི་རྣམ་གྲངས་དག་གི་ཐ་སྙད་གྲུབ་ཚུལ་དང་དེའི་སྐོར་ལ་ཞིབ་ཏུ་བརྟག་པ་» ཞེས་པའི་དཔྱད་རྩོམ་གྱི་བསྡུས་དོན་གནད་འགག་བཅོ་ལྔའི་གྲངས་ཀྱིས་བཅད་པ།

༡༽ ཡོངས་གྲགས་སུ་མདོ་སྡེ་སྤྱོད་པའི་དབུ་མ་དང་རྣལ་འབྱོར་སྤྱོད་པའི་དབུ་མ་གཉིས་པོའི་ཐ་སྙད་ཐོག་མར་གསལ་སའི་གཞུང་དེ་«ལྟ་བའི་ཁྱད་པར་»ཞེས་པ་དེ་ཡིན་པར་གྲགས་ཀྱང་། དེ་ལ་སྒྲུབ་བྱེད་ཁུངས་ལྡན་གཙང་མ་མེད་པར་བཤད་པ་དང་། དེ་ཡང་རྒྱ་བོད་ཐུན་མོང་དང་ཐུན་མིན་གང་གི་དབང་དུ་བྱས་མིན་གསལ་ཁ་མེད་པར་བཤད་པ།

༢༽ མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མའི་ཐ་སྙད་ཐོག་མར་གསལ་སའི་རྒྱ་གར་མཁས་པའི་གཞུང་དེ་པཎྜིཏ་ལཀྵྨཱི་ཀཱ་རས་མཛད་པའི་རིམ་ལྔའི་འགྲེལ་པ་དང་ རྒྱ་བོད་སྤྱི་དང་ཁྱད་པར་བོད་དུ་ཐ་སྙད་དེ་གཉིས་ཀ་གསལ་སའི་ཐོག་མའི་གཞུང་ནི་བསྟན་པ་སྔ་དར་སྐབས་ཀྱི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱིས་མཛད་པའི་དབུ་མའི་བརྩམས་ཆོས་རྣམས་ཡིན་པ་ཙམ་ལས། དེ་དག་ལས་གང་ཞིག་སྔ་བ་ཡིན་མིན་ལ་རྩད་ཆོད་མཐར་ཕྱིན་པ་ཞིག་ད་བར་མ་བྱུང་བར་བསྒྲུབས་པ།

Wednesday 8 April 2020

འཚོ་བ་དཔེ་ཀློག་གིས་སྐྱེལ་བའི་འཇར་མན་པ།



འཇར་མན་རྒྱལ་ཁབ་ཏུ་ཆུ་ཚོད་བཅུའི་སྟེང་དུ་ཟ་ཁང་དུ་ཞིམ་མངར་གྱི་ཟས་ལ་རོལ་བཞིན་པ་ནི་དཀོན་ལ། ཉིན་རྒྱུན་རྒྱ་སྲང་དུ་རྩེད་འཇོ་ལ་རོལ་བཞིན་པ་ཡང་མཐོང་རྒྱུ་མེད་པར་མ་ཟད། ན་གཞོན་རྣམས་ཀྱང་རྒྱུན་པར་མཉམ་དུ་འཛོམས་ནས་སྐྱིད་པོ་བྱེད་པ་ཉུང་། མི་དམངས་ཕྱུག་ཅིང་རྒྱལ་ཁབ་སྟོབས་འབྱོར་ལྡན་པའི་འཇར་མན་ནི་ལྷིང་འཇགས་ངང་དཔེ་ཀློག་ལ་བརྩོན་པའི་རྒྱལ་ཁབ་ཅིག་ཡིན་ལ། རྒྱལ་ཁབ་འདིར་མཚན་ཉིད་རིག་པ་བ་དང་། བསམ་བློ་བ། རྩོམ་པ་པོ། སྙན་ངག་པ་མང་པོ་བྱུང་མྱོང་བ་ཐམས་ཅད་ནི་དཔེ་ཀློག་དང་འབྲེལ་བ་དམ་ཟབ་ཡོད།
འཇར་མན་པའི་དཔེ་ཀློག་དེ་ཕྱོགས་གསུམ་དུ་སྤྱི་སྡོམ་བྱས་ཆོག་སྟེ། དཔེ་ཀློག་གི་གོམས་སྲོལ་དང་། དཔེ་ཀློག་གི་མཁའ་དབུགས། དཔེ་ཀློག་གི་ཆ་རྐྱེན་བཅས་སོ། དཔེ་ཀློག་དེ་སྤྱི་དམངས་ཡོངས་ཀྱི་རིག་གནས་ཤིག་ཏུ་གྲུབ་ཡོད་པའི་སྐབས་སུ། མི་དམངས་ཕྱུག་ཅིང་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་ཞིག་ཏུ་འགྱུར་རྒྱུ་དང་ཁ་ཐག་མི་རིང་ངོ་། ཞིབ་འཇུག་གི་འབྲས་བུར་གཞིགས་ན། འཇར་མན་གྱི་མི་བརྒྱ་ཆའི༩༡གིས་ལོ་སྔོན་མའི་ནང་དུ་དཔེ་ཆ་གཅིག་ཀློག་མྱོང་ཡོད་པ་དང་། དེའི་ནང་བརྒྱ་ཆའི༢༣ གྱིས་དཔེ་ཆ༩ ནས༡༨ ཀློག་མྱོང་ཡོད་ལ། བརྒྱ་ཆའི༢༥ ཡིས་དཔེ་ཆ༡༨ ལས་མང་བ་བཀླགས་ཡོད། ཆ་སྙོམས་གཟའ་འཁོར༣ རེར་དེབ་རེ་ཀློག་བཞིན་ཡོད། བརྒྱ་ཆའི༧༠ ཟིན་པའི་འཇར་མན་གྱི་མི་དཔེ་ཀློག་ལ་དགའ་ཞིང་། མི་གྲངས་ཕྱེད་ཙམ་གྱིས་དུས་ཚོད་ངེས་གཏན་གྱི་ནང་དུ་དེབ་ཉོ་བ་དང་། མི་གྲངས་ཀྱི་གསུམ་ཆའི༡ གིས་ཉིན་རེར་དཔེ་ཀློག་བྱེད། གླེང་འོས་པ་ཞིག་ནི་ལོ་ཚོད་མི་འདྲ་བའི་འཇར་མན་གྱི་མིའི་ནང་དུ་དཔེ་ཀློག་ལ་འཇུག་པར་ཆེས་སྤྲོ་བ་ནི་ལོ་སུམ་ཅུའི་མན་གྱི་ན་གཞོན་རྣམས་ཡིན་ལ། དཔེ་ཀློག་ནི་ཁོ་ཚོ་ཝུ་ཆང་ལ་དགའ་བ་ནང་བཞིན་རེད། ལོ་བཅུ་བཞིའི་ཡན་གྱི་འཇར་མན་པའི་ནང་དུ། བརྒྱ་ཆའི༦༩ ཡིས་གཟའ་འཁོར་རེར་ཉུང་མཐའ་ཡང་དཔེ་ཆ་གཅིག་ཀློག་གིན་ཡོད་པ་དང་། བརྒྱ་ཆའི༣༦ གིས་རང་ཉིད་ཀྱིས་རྒྱུན་པར་དཔེ་ཀློག་བྱེད་ཟེར་བ་དང་། བརྒྱ་ཆའི༢༢ ཀྱིས་དཔེ་ཀློག་མང་པོ་བྱེད་བཞིན་ཡོད་ལ། བརྒྱ་ཆའི་བཅུ་དྲུག་ལ་ཉིན་རེར་དཔེ་ཀློག་བྱེད་པའི་གོམས་སྲོལ་ཡོད། མི་གྲངས་བྱེ་བ་ ༨ ལས་ལྷག་པའི་འཇར་མན་པར་འཛམ་གླིང་སྟེང་ཆེས་ཆེ་བའི་དཔེ་མཛོད་ཀྱི་ཚོང་ར་གཉིས་པ་དེ་ཡོད་ལ། ལོ་རེར་ཚོང་རའི་བཙོངས་ཚད་ཀྱིས་ཡོ་རོབ་ཀྱི་སྒོར་དུང་ཕྱུར༩༦ ཟིན་ཡོད་པར་མ་ཟད། ལོ་རེར་དེབ་གསར་ཁྲི༩ ལྷག་དཔེ་སྐྲུན་བྱེདབཞིན་ཡོད། འཇར་མན་ནི་དཔེ་མཛོད་ཁང་ཆེས་མང་བའི་རྒྱལ་ཁབ་ཞིག་ཡིན་ལ། ཆ་སྙོམས་ཀྱིས་མི་ཁྲི༡ དང་ ༧ གྱི་བར་དུ་དཔེ་མཛོད་ཁང་གཅིག་རེ་ཡོད།

འཇར་མན་པའི་དཔེ་ཀློག་རིག་གནས།
འཇར་མན་གྱི་གནས་གང་དུ་སོང་ཡང་དཔེ་ཀློག་བྱེད་པའི་མི་མཐོང་ཐུབ་ལ། མི་སོ་སོའི་རྒྱབ་ཁུག་གི་ནང་དུ་དེབ་རེ་གཉིས་ཁུར་ཡོད་པ་དང་། ཁོ་ཚོ་རླངས་འཁོར་ས་ཚིགས་དང་ཇ་ཁང་གང་དུ་སོང་ཡང་དུས་ཚོད་ཡོད་ཚེ་དཔེ་ཀློག་ལ་བྲེལ་བ་ཡིན། གལ་ཏེ་ཁྱེད་རང་འཇར་མན་དུ་འཚོ་སྡོད་བྱེད་པ་ཞིག་ཡིན་ན། ཁྱེད་ཀྱིས་དེ་རུ་དཔེ་དེབ་ནི་ཇི་འདྲའི་གོང་ཆེན་པོ་ཞིག་ཡིན་པ་ཤེས་ཐུབ། ༢༠༡༢ ལོར་རྒྱུག་ཆེ་བའི་བརྩམས་སྒྲུངEristwieder daལ་ཡོ་རོབ་ཀྱི་སྒོར༡༩༩ ཡིན་ཏེ། དེ་ནི་ཀྲུང་གོའི་སྒོར༡༧༠ དང་མཚུངས། འཇར་མན་གྱི་མི་དཔེ་ཀློག་ལ་དགའ་བའི་རྐྱེན་གྱིས་འཇར་མན་གྱི་ཨ་མི་ཟིན(Amazon) གྱི་དཔེ་ཆ་དང(Kindle) དཔེ་ཀློག་འཕྲུལ་ཆས་གཉིས་ཀྱིས་ཚོང་ཧ་ཅང་རྒྱུག་ཆེ། འཇར་མན་པ་དག་གློག་རྡུལ་གྱི་དེབ་ལས་ཤོག་བུའི་དེབ་ལ་དགའ་བོ་བྱེད་ཀྱི་ཡོད་དེ། རྒྱུ་མཚན་གཅིག་ནི་ཤོག་བུའི་དེབ་དེ་ལག་ཏུ་བཟུང་ན་བདེན་པའི་སྣང་བ་སྟེར་ཞིང་། གཉིས་ནི་གློག་རྡུལ་གྱི་དེབ་དང་ཤོག་བུའི་དེབ་གཉིས་ཀྱི་བར་དུ་རིན་གོང་བར་ཁྱད་ཆེན་པོ་མེད་པས་སོ། འཇར་མན་པ་དག་ནི་རིན་ཐང་ལྡན་པའི་དཔེ་ཆ་ཀློག་རྒྱུར་དགའ་བ་ལས་དོན་སྙིང་ཆེར་མི་ལྡན་པའི་གསར་འགྱུར་སོགས་ཀློག་རྒྱུ་ལ་དགའ་བོ་བྱེད་ཀྱི་མེད། ཁོ་ཚོ་ཆེས་དགའ་བ་ནི་ནང་དོན་གཏིང་ཟབ་ལ་བསམ་གཞིགས་ཀྱི་རིན་ཐང་ལྡན་པ།སེམས་ལ་སྟོབས་སྦྱིན་ཐུབ་པའི་རྩོམ་རིག་བརྩམས་ཆོས་དག་ཡིན།

དཔེ་ཀློག་གི་མཁའ་དབུགས།
རྐང་རྩེད་སྤོ་ལོ་ལས་གཞནདཔེ་ཀློག་ནི་འཇར་མན་གྱི་དམངས་ཡོངས་ཀྱིས་དགའ་བོ་བྱེད་པའི་དོན་དག་ཅིག་ཡིན་ལ། རྒན་དར་གཞོན་གསུམ་སུ་ཡིན་ཡང་དཔེ་ཀློག་བྱེད་ཅིང་། དཔེ་ཀློག་གིས་སྒེར་ཚུགས་ཀྱིས་བསམ་བློ་གཏོང་བའི་ནུས་པ་དང་གནད་དོན་ཐག་གཅོད་པའི་ནུས་པ་སྐྱེད་སྲིང་བྱ་ཐུབ་པར་ཡིད་ཆེས་རྐྱེན། ཁོ་ཚོར་རང་འགུལ་གྱིས་སློབ་སྦྱོང་བྱེད་པ་དང་ཚེ་གང་ལ་སློབ་སྦྱོང་བྱེད་དགོས་པའི་ལྟ་བ་རྒྱུད་ལ་གྲུབ་ཡོད། འཇར་མན་པས་དཔེ་ཀློག་ནི་རྒྱལ་ཁབ་ཀྱི་མ་འོངས་པ་དང་འབྲེལ་བར་ཡིད་ཆེས་ཡོད་ལ། རྒྱུན་པར་དཔེ་ཀློག་གི་ལས་ལ་གཞོལ་ན་དཔེ་ཀློག་གི་ཆུ་ཚད་དང་གོ་བ་ལེན་པའི་ནུས་པ། བསམགཞིགས་ཀྱི་ནུས་པ་བཅས་གོང་འཕེལ་དུ་གཏོང་ཐུབ། དེའི་རྐྱེན་གྱིས་ཁྱིམ་བདག་དང་སློབ་གྲྭ་ལས་གཞན། སྲིད་གཞུང་གིས་དཔེ་ཀློག་ནི་བྱིས་པའི་བློ་སྒོ་འབྱེད་པའི་སྤྱི་ཚོགས་ཀྱི་ལས་གཞི་ཞིག་ཏུ་བརྩིས་ཏེ་ལོ་རིམ་ལྔ་བའི་སློབ་མས་དཔེ་མཛོད་ཁང་ནས་རིན་གོང་མི་དགོས་པའི་དཔེ་ཆ་རེ་བླངས་ཆོག
འཇར་མན་གྱི་ཕ་མས་བྱིས་པ་ཆུང་དུས་ནས་བཟུང་དཔེ་ཀློག་གི་སྤྲོ་བ་སྐྱེད་སྲིང་བྱེད་པ་ཡིན་ཏེ། བྱིས་པའི་མི་ཚེའི་ཆེས་ཐོག་མའི་རྩེད་ཆས་ནི་དཔེ་ཆ་ཡིན་ཞིང་། ཉིན་རེར་གཉིད་མ་ལོག་སྔོན་དུ་བྱིས་པར་དཔེ་ཆ་ཀློག་པ་དང་ཡང་ན་བྱིས་པ་དང་ལྷན་དུ་དཔེ་ཀློག་བྱེད་ཀྱིན་ཡོད། འཇར་མན་གྱི་སློབ་ཆུང་གི་སློབ་མར་སློབ་ཁྲིད་ཧ་ཅང་ཉུང་བ་དང་ཉིན་གུང་ཆུ་ཚོད་གཉིས་ཀྱི་གཡས་གཡོན་དུ་སློབ་གྲྭ་གྲོལ་བ་ཡིན་ལ། སློབ་ཕྱིའི་སྐབས་སུ་དཔེ་མཛོད་ཁང་གིས་ཁོ་ཚོར་དཔེ་ཀློག་གི་བྱ་འགུལ་མང་པོ་སྤེལ་བ་ཡིན། སློབ་འབྲིང་གི་སྐབས་སུ་དགེ་རྒན་གྱིས་སློབ་མར་སློབ་ཕྱིའི་དཔེ་དེབ་མང་པོ་བཀླགས་ན་ད་གཟོད་འབྲི་ཐུབ་པའི་ལས་བྱ་བཀོད་སྒྲིག་བྱེད་པ་ཡིན། འཇར་མན་གྱི་ཁྱིམ་ཚང་སོ་སོའི་མགྲོན་ཁང་དང་ཡང་ན་དཔེ་ཁང་གི་ནང་དུ་དཔེ་སྒྲོམ་ཡོད་ལ། དེ་ནི་ཁྱིམ་ཚང་གི་རྒྱན་སྤྲོས་ཆས་ལྟར་དུ་གྱུར་ཡོད། འཇར་མན་པའི་ཁྱིམ་ཚང་རེའི་ཆ་སྙོམས་ཀྱི་དཔེ་ཆ་ཉར་ཚགས་བྱེད་ཚད་ནི་དེབ༣༠༠ རེ་ཡིན་ལ། མི་རེའི་དེབ་ཉར་ཚད་ནི་དེབ༡༠༠ ལྷག་ཡིན། འཇར་མན་པ་མང་ཆེ་ཤོས་ཀྱིས་དཔེ་སྒྲོམ་སྟེང་གི་དཔེ་ཆ་ཚང་མ་བཀླགས་ཡོད། ཁོ་ཚོས་བསམ་པར་དཔེ་ཆ་མེད་པའི་ཁྱིམ་ཚང་ནི་སྒེའུ་ཁུང་མེད་པའི་ཁང་བ་ཞིག་དང་གཉིས་སུ་མེད།

དཔེ་ཀློག་གི་ཆ་རྐྱེན།
འཇར་མན་དུ་དཔེ་ཁང་ ༧༧༠༠ དང་དེར་ལས་བྱེད་པ་མི་གྲངས་ ༣༡༠༠༠ ཙམ་ཡོད་ཅིང་། འཇར་མན་གྱི་གནས་གང་དུ་ཕྱིན་ཀྱང་དཔེ་ཁང་མཐོང་ཐུབ་སྟེ། ཆེ་བ་གྲོང་ཁྱེར་དཀྱིལ་སྙིང་གི་དཔེ་མཛོད་ཁང་ཆེ་བ་དང་ཆུང་བ་རླངས་འཁོར་ས་ཚིགས་ཀྱི་དཔེ་ཁང་ལྟ་བུ་དང་། གནས་མང་ཆེ་ས་རུ་དཔེ་ཆ་རྙིང་བས་སྤུངས་བའི་དཔེ་ཁང་ཆུང་བ་དག་མཐོང་ཐུབ་ལ། དེ་རུ་རིན་མེད་དུ་དཔེ་ཆ་གཡར་ཆོགདཔེ་ཁང་དག་གི་ནང་ནི་རྒྱུན་པར་གཙང་ཞིང་ལྷིང་འཇགས་ཡིན་ལ། སྒོ་ཁ་རུ་ཁོ་ཧྥེ་འཐུང་ཞོར་དུ་དཔེ་ཀློག་བྱེད་ས་ཡོད་པ་དང་། གལ་ཏེ་ཁྱེད་ཀྱིས་ཚོང་མ་བརྒྱབ་པར་དཔེ་ཀློག་བྱས་ཀྱང་ཁྱེད་རང་སྒོར་ཕུད་མཁན་ནི་མེད། དཔེ་ཁང་ཆེ་བ་དག་གིས་རྒྱུན་པར་དཔེ་ཀློག་དང་གྱེར་འདོན་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་མི་ཚང་མ་དཔེ་ཀློག་ལ་འཇུག་པར་སྐུལ་མ་གཏོང་བར་བྱེད་ལ། དཔེ་ཁང་དག་གིས་ཁེ་སྤོགས་རྐྱང་བ་བསམ་ནས་རྒྱུག་ཆེ་བའི་དཔེ་ཆ་གཅིག་པུ་བཙོང་བ་ཡང་མ་ཡིན། གལ་ཏེ་ཁྱེད་རང་དཔེ་སྐྲུན་བྱེད་མཚམས་བཞག་པའི་དཔེ་ཆར་བལྟ་རྒྱུར་དགའ་བ་ཡིན་ན། དེ་ལ་ཡང་ཚོང་ར་ཡོད། དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པ་ལས་གཞནའཇར་མན་རྒྱལ་ཁབ་ཀྱི་གྲོང་ཁྱེར་མི་འདྲ་བས་ཀྱང་འཛམ་གླིང་གི་དཔེ་སྐྲུན་ཁང་མང་དུ་འདུ་བའི་དཔེ་ཀློག་གི་རིག་གནས་དང་ཚོང་ལས་བརྗེ་རེས་ཀྱི་དཔེ་ཆའི་འགྲེམ་སྟོན་བསྡུ་བཞིན་ཡོད་དོ།།

རྩོམ་ཁུངས། བོད་ཀྱི་རྩོམ་རིག་དྲྭ་བ།

Wednesday 1 April 2020

ཕུང་པོ་བྱ་སྦྱིན་གྱི་ངོ་སྤྲོད་དང་ཕན་ཡོན་མདོར་བསྡུས།

དེ་ཡང་སྤྱིར་དུས་གྱི་ལས་ལ་ས་ཆུ་མེ་དུར་སོགས་ཀྱི་དབྱེ་བ་བྱར་ཡོད་ཅིང་འཛམ་གླིང་ཡུལ་གྲུ་ཀུན་ན་རྣམ་པ་ཅི་རིགས་པའི་ཚུལ་གྱིས་དར་ཁྱབ་ཆེ་མོད།   བྱ་དུར་འདི་བོད་ཁམས་མ་གཏོགས་དེང་སང་ཡུལ་གྲུ་གཞན་ལ་ཆེར་མི་དར་བར་མངོན་ལ།  ལུགས་སྲོལ་འདི་བོད་ཡུལ་ལ་ནམ་དུས་དར་བ་ཡིན་མིན་ཐད་མཁས་པའི་བཞེད་སྒྲོས་མི་འདྲ་བ་འགའ་རེ་འདུག་པ་ལས། ཁ་ཅིག་གིས་ཕ་དམ་པ་སངས་རྒྱས་བོད་ཡུལ་དུ་བྱོན་ཏེ་ཞི་བྱེད་གཅོད་ཡུལ་སྤེལ་ཏེ་ཕུང་པོ་གཟན་བསྒྱུར་གྱི་ལུགས་སྲོལ་བཏོད་པ་ནས་དར་བར་འདོད་པ་དང་།

Wednesday 25 March 2020

བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་བདག་བསྐྱེད་འཁྱེར་བདེ།



སྐྱབས་སེམས་སྔོན་དུ་འགྲོ་བས། བདག་བསྐྱེད་ནི།

༈ པདྨ་ཉི་ཟླའི་གདན་སྟེང་དུ། །རང་ཉིད་ས་སྙིང་ལི་ཁྲིའི་མདོག
ཕྱག་གཉིས་གཡས་པས་མཆོག་སྦྱིན་ཚུལ། །ནོར་བུ་མེ་འབར་བསྣམས་པ་དང་།།
གཡོན་པས་མཉམ་བཞག་བུམ་པ་འཛིན། །ཞབས་གཉིས་དཀྱིལ་མོ་ཀྲུང་གིས་བཞུགས།།
སྐུ་ལུས་ཡོངས་རྫོགས་ལོངས་སྐུའི་ཆས། །བཅུ་གསུམ་གྱིས་ནི་བརྒྱན་པར་གྱུར།།

བསྙེན་པ་ནི།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ།།
མཆོད་དོ། །སྐྱབས་སུ་མཆིའོ།།
རང་མོས་ལྟར་བསྙེན་གྲངས་གསོག

Saturday 25 January 2020

ཀུན་མཁྱེན་ཀློང་ཆེན་པའི་འདས་ལོ་ལ་ཅུང་ཟད་དཔྱད་དགོས།


ཀུན་མཁྱེན་ཆེན་པོའི་འདས་ལོ་ལ་ཡོངས་གྲགས་བོད་རབ་བྱུང་ ༥ ས་སྤྲེལ་སྤྱི་ལོ་ ༡༣༠༨ ལ་འཁྲུངས་ཤིང་། དགུང་ལོ་ ༥༦ བཞེས་པ་རབ་བྱུང་ ༦ ཆུ་ཡོས་སྤྱི་ལོ་ ༡༣༦༣ ལ་འདས་པར་རྣམ་ཐར་དང་ཚིག་མཛོད་ཀུན་མཐུན་པ་ལས་མི་འདྲ་བ་མེད་མོད། གྲུབ་མཐའ་མཛོད་ལེའུ་གཉིས་པར། སྔར་ལོ་ཅི་ཙམ་སོང་ཞེ་ན། སངས་རྒྱས་མྱ་ངན་ལས་འདས་ནས། མེ་ཕོ་རྟའི་བར་ལ་ལོ་སུམ་སྟོང་ལྔ་བརྒྱ་དང་བཅུ་དྲུག་སོང་། ཕྱིན་ཆད་ལོ་དགུ་བརྒྱ་དང་བརྒྱད་ཅུ་རྩ་བཞི་ཡོད་དོ། །ཞེས་དང་། དེ་ནས་བརྩིས་པས་དེང་སང་མེ་ཕོ་རྟའི་བར་ལ་ལོ་སུམ་བརྒྱ་ཉི་ཤུ་རྩ་བཞི་སོང་སྟེ། དེའི་གོང་མ་རྣམས་དང་བསྡོམས་པས་སུམ་སྟོང་ལྔ་བརྒྱ་དང་བཅུ་དྲུག་འདས་སོ། །ཞེས་མེ་ཕོ་རྟ་ཞེས་ཐེངས་གཉིས་བྱུང་ཞིང་། ལོ་དེ་ནི་སྤྱི་ལོ་ ༡༣༦༦ ལོར་འཁེལ་བས་དེ་ལྟར་ན་དེ་དུས་ཀུན་མཁྱེན་དགུང་ལོ་ ༥༩ ཡིན་དགོས།

Sunday 5 January 2020

རྩོམ་འབྲིའི་ཆུ་ཚད་མཐོ་རུ་གཏོང་བའི་ཐབས་ལམ་བཅོ་ལྔ་།


རྩོམ་པ་པོ་མི་གསལ། བདེ་ཁང་བྱམས་པས་བསྒྱུར།

དང་པོ། རྩོམ་པ་པོ་ཕུལ་བྱུང་གི་བརྩམས་ཆོས་མང་ཙམ་བཀླགས་པ།
འདི་ནི་མིག་མཐོང་གསལ་གྲུབ་ཅིག་རེད་ལ།ཕན་ནུས་མྱུར་དུ་ཐོན་པའི་ཐབས་ལམ་ཞིག་ཀྱང་རེད་དེ། གལ་ཏེ་ཁྱེད་རང་གིས་བརྩམས་ཆོས་ལེགས་པོ་ཇི་སྙེད་ཅིག་མ་བཀླག་ན། ཁྱེད་ཀྱིས་རྩོམ་ཡིག་ལེགས་པོ་ཞིག་འབྲི་མི་ཐུབ་པ་ཡིན་ཏེ། རྩོམ་པ་པོ་ཕུལ་དུ་བྱུང་བ་དེ་དག་ནི་མི་གཞན་ཀྱི་བརྩམས་ཆོས་ལེགས་པོ་ཇི་སྙེད་བཀླགས་པ་ནས་འགོ་འཛུགས་ཏེ་རིམ་བཞིན་ལད་མོ་བྱེད་པ་དང་། དེ་རྗེས་ཐོད་རྒལ་ཐུབ་པ་བྱས་ནས་རང་ཉིད་ཀྱི་ཁྱད་གཤིས་གྲུབ་པ་ཡིན་ཕྱིར། རྩོམ་ཡིག་ལེགས་པོ་གང་མང་བཀླགས་དགོས་ལ། ཀློག་པའི་སྐབས་སུ་རྩོམ་ཡིག་དེའི་ཕྱོགས་གང་ཅིའི་ཐད་ཀྱི་གནད་དོན་དང་རྩོམ་རྩལ་ལ་དོ་སྣང་བྱེད་དགོས་པ་ཡིན།

Friday 3 January 2020

སྟོན་པའི་འཁྲུངས་འདས་སོགས་ཀྱི་སྐོར་འཁྲུལ་བ་སེལ་བ།


དང་པོ། ཁྱེད་རང་གིས་གོང་དུ་བྲིས་པ་ལྟར། སྟོན་པའི་འཁྲུངས་ལོ།
 ༨༠༠ དང་། འདས་ལོ། ༨༨༡ ཟེར་ཡོང་དུས། དེ་གཉིས་ཀ་སྤྱི་ལོའི་སྔོན་ལོར་ཡིན་པར་སྨོས་མ་དགོས། འོན་ཀྱང་ཡ་མཚན་པ་ལ་དེ་གཉིས་རྦད་མགོ་ལྡོག་སྟེ། སྟོན་པ་ཉིད་ཐོག་མར་མྱ་ངན་ལས་འདས་ནས་གཟོད་སྐུ་འཁྲུངས་པ་ལྟ་བུའི་དུས་ཚིགས་སུ་འཁྲུལ་སྐྱོན་གྱི་ཉེས་པ་ཆེན་པོ་ཤོར་འདུག 😆😅😂 མདོ་དོན་ཁྱེད་རང་གིས་སྟོན་པའི་འཁྲུངས་ལོ་རྩི་ཤེས་མི་འདུག