Thursday 23 April 2020

«དབུ་མའི་གྲུབ་མཐའི་རྣམ་གྲངས་དག་གི་ཐ་སྙད་གྲུབ་ཚུལ་དང་དེའི་སྐོར་ལ་ཞིབ་ཏུ་བརྟག་པ་» ཞེས་པའི་དཔྱད་རྩོམ་གྱི་བསྡུས་དོན་གནད་འགག་བཅོ་ལྔའི་གྲངས་ཀྱིས་བཅད་པ།

༡༽ ཡོངས་གྲགས་སུ་མདོ་སྡེ་སྤྱོད་པའི་དབུ་མ་དང་རྣལ་འབྱོར་སྤྱོད་པའི་དབུ་མ་གཉིས་པོའི་ཐ་སྙད་ཐོག་མར་གསལ་སའི་གཞུང་དེ་«ལྟ་བའི་ཁྱད་པར་»ཞེས་པ་དེ་ཡིན་པར་གྲགས་ཀྱང་། དེ་ལ་སྒྲུབ་བྱེད་ཁུངས་ལྡན་གཙང་མ་མེད་པར་བཤད་པ་དང་། དེ་ཡང་རྒྱ་བོད་ཐུན་མོང་དང་ཐུན་མིན་གང་གི་དབང་དུ་བྱས་མིན་གསལ་ཁ་མེད་པར་བཤད་པ།

༢༽ མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མའི་ཐ་སྙད་ཐོག་མར་གསལ་སའི་རྒྱ་གར་མཁས་པའི་གཞུང་དེ་པཎྜིཏ་ལཀྵྨཱི་ཀཱ་རས་མཛད་པའི་རིམ་ལྔའི་འགྲེལ་པ་དང་ རྒྱ་བོད་སྤྱི་དང་ཁྱད་པར་བོད་དུ་ཐ་སྙད་དེ་གཉིས་ཀ་གསལ་སའི་ཐོག་མའི་གཞུང་ནི་བསྟན་པ་སྔ་དར་སྐབས་ཀྱི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱིས་མཛད་པའི་དབུ་མའི་བརྩམས་ཆོས་རྣམས་ཡིན་པ་ཙམ་ལས། དེ་དག་ལས་གང་ཞིག་སྔ་བ་ཡིན་མིན་ལ་རྩད་ཆོད་མཐར་ཕྱིན་པ་ཞིག་ད་བར་མ་བྱུང་བར་བསྒྲུབས་པ།

༣༽ མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མའི་ཐ་སྙད་གཉིས་ཀ་གསལ་སའི་གཞུང་ཐོག་མ་གང་ཞིག་ཡིན་མིན་ལ་རྩད་ཆོད་པའི་དཔྱད་འབྲས་མཐར་ཕྱིན་པ་ཞིག་ད་བར་མ་བྱུང་ཡང་། «ལྟ་བའི་ཁྱད་པར་»དེ་ཉིད་རྒྱ་བོད་སྤྱི་དང་ཁྱད་པར་བོད་དུ་ཐ་སྙད་དེ་ལྡན་གྱི་གྲུབ་མཐའི་བྱུང་རིམ་བཤད་པའི་བསྟན་བཅོས་ཐོག་མ་དེ་ཡིན་པར་བསྙོན་མེད་དུ་བསྒྲུབས་པ།

༤༽ དེང་སང་མཁས་པ་ང་ཡིན་ཟེར་མཁན་འགའ་ཡིས་བསྟན་པ་སྔ་དར་སྐབས་དབུ་མའི་ལུགས་གཉིས་ལས་མེད་པར་བཤད་ཀྱང་། འདི་ནས་པཎྜིཏ་ལཀྵྨི་ཀཱ་རའི་«རིམ་ལྔའི་འགྲེལ་པ་»དང་«ལྟ་བའི་ཁྱད་པར་»གཉིས་ཀྱི་དགོངས་དོན་དང་མཐུན་པར་དབུ་མའི་ལུགས་གསུམ་དུ་ཡོད་པར་བསྒྲུབས་པ།

༥༽ བསྟན་པ་སྔ་དར་སྐབས་དབུ་མའི་ལུགས་གཉིས་ཁོ་ནར་འདོད་པ་རྣམས་ལ། «ལྟ་བའི་ཁྱད་པར་»གཙོར་བྱས་པའི་དགོངས་དོན་ལྟར། གཞུང་ཕྱི་མོའི་དབུ་མ་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་ལ་བརྟེན་ནས་དོན་དམ་གྱི་བཞེད་ཚུལ་གཅིག་ཀྱང་ཐ་སྙད་ཀྱི་བཞེད་ཚུལ་མི་གཅིག་པའི་རང་བཞིན་གྱིས་མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པ་གཉིས་སུ་བྱུང་བ་ཡིན་པའི་ཕྱིར། མཐར་ཐུག་གི་དགོངས་པ་གང་ལྟར་གནས་རུང་གནས་སྐབས་གཞུང་འཆད་ཚུལ་གྱི་དབང་དུ་ན་དབུ་མའི་ལུགས་གསུམ་དུ་ཕྱེ་དགོས་པར་གླེང་བས་དོགས་པ་སྤོང་བ།

༦༽ བསྟན་པ་ཕྱི་དར་སྐབས་ཇོ་བོ་རྗེ་བོད་དུ་ཕེབས་ཏེ་ཐུན་མོང་སྣང་ངོར་«རྟོག་གེ་འབར་བ་»རྩལ་འདོན་གཙོ་བོར་མཛད་དེ་དབུ་མའི་འཆད་ཉན་གནང་ཞིང་དམིགས་བསལ་ཁུ་རྔོག་འབྲོམ་གསུམ་ལ་གསང་བའི་ཚུལ་དུ་དཔལ་ལྡན་ཟླ་གྲགས་ཀྱི་དགོངས་དོན་ལྟར་བརྩམས་པའི་ཉིད་ཀྱི་བརྩམས་ཆོས་«དབུ་མ་བདེན་གཉིས་ལ་འཇུག་པ»འི་སྒོ་ནས་འཆད་ཉན་གནང་བས་དབུ་མ་ཐལ་འགྱུར་བའི་གཞུང་གི་འཆད་ཉན་དབུ་བརྙེས་པར་མཚོན་པར་བཤད་པ་དང་། ཁྱད་པར་དུ་ནག་ཚོ་ལོ་ཙཱ་བས་«དབུ་མ་འཇུག་པ་»བོད་སྐད་དུ་བསྒྱུར་བའི་སྒོ་ནས་དེའི་འཆད་ཉན་བཙུགས་པས་«དབུ་མ་འཇུག་པ»འི་འཆད་ཉན་ཐོག་མར་དབུ་བརྙེས་པར་བཤད་པ།

༧༽ ཕྱྭ་པ་ཆོས་ཀྱི་སེང་གེས་བཀའ་གདམས་པའི་གདན་ས་གསང་ཕུ་ནེའུ་ཐོག་ཏུ་«རྟོག་གེ་འབར་བ་»ལ་སོགས་པའི་ཐོག་ནས་དབུ་མ་རང་རྒྱུད་པའི་འཆད་ཉན་གཙོ་བོར་གནང་བ་དང་། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་པས་འཕན་པོ་དགོན་དུ་«དབུ་མ་འཇུག་པ»འི་སྒོ་ནས་དབུ་མ་ཐལ་འགྱུར་པའི་འཆད་ཉན་གཙོ་བོར་གནང་བའི་ལོ་རྒྱུས་འཆད་པས། འདིས་བསྟན་པ་ཕྱི་དར་སྐབས་སུ་སྤྱིར་དབུ་མའི་འཆད་ཉན་ཧ་ཅང་དར་རྒྱས་ཕྱིན་པ་དེའི་མཐུས་ཐལ་རང་གཉིས་ཀྱི་ཐ་སྙད་དར་ཚུལ་ཡང་མཚོན་པ་ཡིན་པ་དང་། ཁྱད་པར་བོད་དུ་དབུ་མ་ཐལ་འགྱུར་བའི་འཆད་ཉན་གྱི་རྒྱུན་དངོས་སུ་ཚུགས་པའི་ཁུངས་སྟོན་པ།

༨༽ དབུ་མ་ཐལ་རང་གཉིས་སུ་གྲགས་པའི་ཐ་སྙད་གཉིས་པོ་འདི་འཕགས་ཡུལ་དུ་རྒྱ་གར་མཁས་པས་མ་མཛད་ཀྱང་། བསྟན་པ་ཕྱི་དར་སྐབས་ཇོ་བོ་རྗེ་བོད་དུ་ཕེབས་ནས་རིམ་བཞིན་དབུ་མའི་འཆད་ཉན་དར་རྒྱས་ཕྱིན་པར་བརྟེན་པཎྜིཏ་ཛ་ཡ་ཨཱ་ནནྡ་དང་པ་ཚབ་ལོ་ཙཱ་བ་གཉིས་སྔ་ཕྱིར་དབུ་མ་ལ་འཇུག་པའི་འགྲེལ་པ་བརྩམས་ཏེ་དེའི་འཆད་ཉན་དར་བར་མཛད་པས། ཛ་ཡ་ཨཱ་ནནྡས་རང་རྒྱུད་པའི་ཐ་སྙད་མཛད་པ་དང་། པ་ཚབ་ལོ་ཙཱ་བས་ཐལ་འགྱུར་བའི་ཐ་སྙད་མཛད་པ་བཅས་ཀྱིས། ཐལ་རང་གི་ཐ་སྙད་མཛད་པ་པོ་མཁས་དབང་དེ་དག་ཡིན་པར་བསྒྲུབས་པ།

༩༽ དབུ་མ་ཐལ་རང་གཉིས་ཇི་ལྟར་གྱེས་ཚུལ་བསྟན་པའི་གཞུང་ཐོག་མ་ལྟ་བུ་དེ་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་པས་མཛད་པའི་«དབུ་མ་རྩ་ཤེས་ཀྱི་ཊཱི་ཀ་སྒྲོན་མ་གསལ་བྱེད་»ཅེས་པ་དེ་ཡིན་པར་བསྒྲུབས་པ།

༡༠༽ དབུ་མ་ཐལ་རང་གཉིས་ཀྱི་ཐ་སྙད་མཛད་པ་པོ་པཎྜིཏ་ཛ་ཡ་ཨཱནནྡ་དང་ལོ་ཙཱ་བ་པ་ཚབ་ཉི་གྲགས་གཉིས་ཡིན་ཀྱང། དེ་དུས་དབུ་མ་པ་ལ་ཐད་ཀར་དབུ་མ་ཐལ་རང་གཉིས་སུ་དབྱེ་བ་མཛད་པ་མ་བྱུང་། ཕྱིས་སུ་རོག་བན་དེ་ཤེས་རབ་འོད་ཀྱིས་ཆོས་འབྱུང་བསྟན་པའི་སྒྲོན་མེར་དབུ་མའི་ལྟ་གྲུབ་གཏན་ལ་འབེབས་བྱེད་ཀྱི་རིགས་པའི་རྣམ་གྲངས་སུ་ཐལ་རང་གཉིས་སུ་མཛད་པ་ལས། དབུ་མ་པ་ལ་ཐད་ཀར་དབུ་མ་ཐལ་རང་གཉིས་སུ་དབྱེ་བ་མཛད་མེད། མཐར་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་གྱིས་«ཐུབ་པ་དགོངས་གསལ་»སོགས་སུ་དབུ་མ་པ་ལ་ཐལ་རང་གཉིས་སུ་དབྱེ་བ་མཛད་པ་ཡིན་པས། མདོ་དོན་དབུ་མ་པ་ལ་ཐལ་རང་གཉིས་སུ་དབྱེ་བ་འབྱེད་པ་པོ་ཐོག་མ་དེ་ས་སྐྱ་པཎྜིཏ་ཡིན་པར་བསྒྲུབས་པ།

༡༡༽ དབུ་མ་ཐལ་རང་གཉིས་སུ་ཕྱེ་བ་དེ་མཐའ་གཅིག་ཏུ་རྟོག་བཟོ་རང་མ་ཡིན་པར་ཚིག་གསལ་གྱི་འགྲོས་དང་མཐུན་པ་སོགས་ཀྱིས་བསྒྲུབས་པ་དང་། ཐལ་འགྱུར་བ་བྱ་བ་རྒྱ་གར་དུ་དངོས་སུ་བྱུང་ཡོད་པའི་ཚུལ་རྒྱ་གར་རང་གི་པཎྜིཏའི་ལུང་དང་དངོས་བྱུང་ལོ་རྒྱུས་ཀྱི་རིགས་པས་བསྒྲུབས་པ་དང་། རང་ལུགས་རྙིང་མ་བ་ལ་མ་ཡིན་དགག་གི་སྟོང་པ་ཙམ་ལ་ཐལ་འགྱུར་བའི་ལྟ་བར་འདོད་པའི་དེ་ལྟ་བུའི་ཐལ་འགྱུར་བ་ཞིག་ཁས་མི་ལེན་ཀྱང་། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས་པའི་ཆོས་ཉིད་ཀྱི་ངོ་བོར་གྱུར་པའི་ལྟ་བ་དེ་ལྡན་གྱི་ཐལ་འགྱུར་བ་ཞིག་ཁས་ལེན་པར་བསྒྲུབས་པ་བཅས་གསུམ་གྱིས། ཐལ་རང་གི་དབུ་མའི་གྲུབ་མཐའི་སྐོར་དོགས་པ་སྤོང་བ།

༡༢༽ ཐལ་རང་གཉིས་ལས་རང་རྒྱུད་པ་ལ་ནང་གསེས་དབྱེ་བ་འབྱེད་ཚུལ་གྱི་བཞེད་པ་མི་འདྲ་བའི་སྐོར་སྟེ། རང་རྒྱུད་གོང་འོག་སོགས་ཀྱི་ཐ་སྙད་དང་རྣམ་གཞག་སུས་བྱས་མིན་ཐད་ད་ལྟའི་ཆར་དཔང་རྟགས་ཁུངས་བཙན་མེད་པས། ད་ཡོད་བོད་བརྒྱུད་ནང་བསྟན་གྱི་བསྟན་བཅོས་ཁྲོད་རང་རྒྱུད་གོང་འོག་སོགས་ཀྱི་ཐ་སྙད་ཐོག་མར་གསལ་ས་ལྟ་བུ་དེ་ཕལ་ཆེར་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་གནང་བའི་བརྩམས་ཆོས་གཞུང་ལུགས་རྣམས་ཆགས་བསྡད་ཡོད་པར་བསྒྲུབས་པ།

༡༣༽ བོད་གངས་ཅན་ལྗོངས་སུ་དབུ་མའི་ལྟ་གྲུབ་ཀྱི་འཕེལ་རིམ་ཇི་ལྟར་བྱུང་ཡང་། སྤྱིར་དབུ་མའི་ལྟ་གྲུབ་ཐམས་ཅད་མདོར་བསྡུས་ན། རང་སྟོང་སྨྲ་བའི་དབུ་མ་པ་དང་། གཞན་སྟོང་སྨྲ་བའི་དབུ་མ་པ་དང་། གཉིས་ཀ་ཟུང་དུ་སྨྲ་བའི་དབུ་མ་པ་གསུམ་དུ་བསྡུ་བ་ཡིན་པ་དང་། དེ་ཡང་བསྡུས་ན་ཐལ་རང་དང་རང་སྟོང་གཞན་སྟོང་སོགས་གང་གི་རྒྱར་ཡང་མ་ཆད་པར་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས་པའི་སེམས་ཀྱི་ཆོས་ཉིད་གཏན་ལ་འབེབས་པའི་ཟུང་འཇུག་དབུ་མའི་ཚུལ་གཅིག་པུར་བསྡུ་བ་ཡིན་པར་བསྒྲུབས་པ།

༡༤༽ བོད་འདིར་ཐལ་རང་ལ་སོགས་པའི་རྣམ་གཞག་བྱས་པ་ཐམས་ཅད་མཐའ་གཅིག་ཏུ་རྟོག་བཟོར་ཟད་པ་ཡང་མ་ཡིན་ལ། ཚིག་གསལ་གྱི་འགྲོས་ལྟར་རེད་ཅེས་ནས་མཐའ་གཅིག་ཏུ་ཐལ་རང་གི་ཁྱད་པར་རྣམ་པར་འབྱེད་པར་བྱ་བ་ཡང་མ་ཡིན་པས། རང་སྟོང་སྨྲ་བའི་གཞུང་ལུགས་ཐམས་ཅད་གནས་སྐབས་ཐ་སྙད་དང་དོན་དམ་གྱི་འདོད་ཚུལ་སོགས་ཚིག་འགྲོས་མི་འདྲ་བ་ཙམ་ལས། གཟུ་བོར་གཞིགས་ན་ཁྱད་པར་སྤུ་ཙམ་ཡང་མེད་པར་བསྒྲུབས་པ།

༡༥༽ སྔ་འགྱུར་རང་ལུགས་ཀྱི་དབུ་མའི་གྲུབ་མཐའ་ནི། རྒྱལ་ཀུན་བཀའ་ཡི་སྡུད་པོ་གསང་བདག་ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་མཁན་ཆེན་ཞི་འཚོ་ཡབ་སྲས་གཉིས་ཀྱི་རིང་ལུགས། བཀའ་བར་མཐའ་ཟབ་རྒྱས་མདོ་སྡེའི་སྡེ་སྣོད་ཐམས་ཅད་དགོངས་པ་འགལ་བ་ཡེ་མེད་པར་ཆུ་བོ་གཅིག་འདྲེས་ཀྱི་ཚུལ་དུ་སྦྱོར་བའི་མན་ངག་གི་བཀའ་སྲོལ་ཆེན་པོ་སྟེ། ཟུང་འཇུག་དབུ་མ་ཆེན་པོའམ་དབུ་མ་རྣལ་འབྱོར་སྤྱོད་པའི་རིང་ལུགས་ཀྱི་གྲུབ་མཐའ་ཡིན་པར་བསྒྲུབས་པ་བཅས་སོ།།

སྤྱི་ལོ་ ༢༠ ཟླ་བ་ ༠༤ ཚེས་ ༢༣ འཛམ་གླིང་དཔེ་ཀློག་ཉིན་མོར་བྲིས།

No comments:

Post a Comment