Saturday 10 November 2018

སྔ་འགྱུར་ཆེ་བ་དྲུག་ལྡན་སྐོར་དོགས་སེལ་དུ་ཕུལ་བ།


སྔ་འགྱུར་གྱི་ཆེ་བ་དྲུག་དེ་ཉིད་ཀུན་མཁྱེན་རོང་ཟོམ་གྱིས་གསུངས་པར་གྲགས་ན་ཉིད་ཀྱི་ད་བཞུགས་གསུང་འབུམ་དུ་མར་མཐོང་བ་ལས་གསུང་འབུམ་གང་དུ་ཡོད་དམ། གལ་ཏེ་ད་བཞུགས་ཀྱི་གསུང་ན་མེད་ན། རོང་ཟོམ་གྱི་གསུང་ཡིན་ཞེས་མཁས་པ་སུས་འདི་ཐོག་མར་ལུང་འདྲེན་གནང་ཡོད། ལན་གསུངས་རོགས་ཞེས་པའི་དྲི་བར་ལན་འདི་ལྟར་བཏབ།

མི་ཡུལ་མགྲོན་པོ་ལགས། སྔ་འགྱུར་གྱི་ཆེ་བ་དྲུག་དེ་ཉིད་ཀུན་མཁྱེན་རོང་ཟོམ་གྱིས་གསུངས་པར་གྲགས་པ་ཡོངས་གྲགས་ཡིན་པ་མ་ཟད། ད་ལྟར་བཞུགས་པའི་ཉིད་ཀྱི་གསུང་འབུམ་དག་ཏུའང་མེད་པ་ཡོངས་གྲགས་རེད་ལ། དེ་བཞིན་ཆེ་བ་དྲུག་པོ་དེ་རོང་ཟོམ་པས་དཔེ་ཆ་འདི་ན་གསུངས་འདུག་ཅེས་ལུང་ཁུངས་ཚད་ལྡན་ལས་ལུང་ཚིག་ཇི་བཞིན་དྲངས་པའི་མ་དཔེ་ཡང་ཧ་ལམ་མེད་པ་ཡོངས་གྲགས་རེད།

རོང་ཟོམ་པའི་སློབ་མ་གསར་རྙིང་རིས་སུ་མ་ཆད་པའི་མཁས་པའི་དབང་པོ་དང་གྲུབ་པའི་སྐྱེས་མཆོག་དུ་མ་ཞིག་བྱུང་ཡོད་པར་ལོ་རྒྱུས་དག་ཏུ་གསལ་ཁ་ཡོད་ལ། དེ་དག་ལས་རྙིང་མར་གཏོགས་པ་རྣམས་ཀྱིས་དཔེ་ཆ་བརྩམས་པ་དེ་ཙམ་མེད། གལ་ཏེ་ཡོད་དུ་ཆུག་ཀྱང་འོ་ཅག་གི་ལས་དང་སྐལ་བས་དབེན་པས་ད་ཆ་མཐོང་རྒྱུ་རིག་རྒྱུ་མེད།

ཕྱིས་སུ་རོང་ཟོམ་ཉིད་ཀྱི་གསུང་ཡིན་པར་ཞལ་བཞེས་མཛད་པ་པོ་ནི་རོང་ཟོམ་གཤེགས་ནས་ལོ་གྲངས་བདུན་ཙམ་གྱི་རྗེས་སུ་བྱོན་པའི་«རོག་བན་དེ་ཤེས་རབ་འོད་»དེ། ཁོང་གི་གསུང་འབུམ་«ཆོས་འབྱུང་བསྟན་པའི་སྒྲོན་མེ་»ཞེས་བྱ་བར་ལུང་ཚིག་ཇི་བཞིན་བཀོད་མེད་ཀྱང་། རོང་ཟོམ་ཉིད་ཀྱི་ཞལ་རྒྱུན་ཞིག་ཡིན་པའི་ཚུལ་དུ་དྲངས་ཡོད། དེས་ན་སྔ་འགྱུར་ཆེ་བ་དྲུག་ལྡན་ཞེས་བྱ་བ་ཉིད་རོང་ཟོམ་པའི་ཞལ་རྒྱུན་ཡིན་པ་ཙམ་ལས། རོང་ཟོམ་པས་དཔེ་ཆ་གང་དུ་ཚུལ་ཇི་ལྟར་གསུངས་པའི་ལུང་ཚིག་ཇི་མ་ཇི་བཞིན་ཞིག་དྲང་རྒྱུ་མེད་ཅིང་དྲངས་པའི་དཔེ་ཆའང་མེད་ཅེས་སྨྲས་ཀྱང་ཕལ་ཆེར་འཐད་སྙམ་མོ།།

ཡོངས་གྲགས་ལྟར་རོང་ཟོམ་དང་རོག་བན་གཉིས་ཀྱི་འཁྲུངས་འདས་ལོ་ཚིགས་ཟུར་བཀོད།
རོང་ཟོམ་མ་ཧཱ་པཎྜིཏ། ༼༡༠༤༠ - ༡༡༥༩༽
རོག་བན་དེ་ཤེས་རབ་འོད། ༼༡༡༦༦ - ༡༢༤༤༽

མཁས་པའི་དབང་པོ་དང་གྲུབ་པའི་ཁྱུ་མཆོག་དུ་མས་ཡོངས་སུ་གང་བའི་ཀློང་ཆེན་ལྟ་གྲུབ་གླིང་གི་འཕྲིན་ཕྲན་དྲྭ་ཚོམས་ཆེན་མོར་དྲྭ་མིང་མི་ཡུལ་མགྲོན་པོའམ་སྐྱེས་ཡུལ་དང་གདན་ས་གཉིས་ཀ་གཅིག་པའི་མཆེད་གྲོགས་དྷྭ་ཛ་དོལ་པོའི་ཞུ་ལན་དུ་ཕུལ་བ་དགེའོ།།

Thursday 8 November 2018

ལས་འབྲས་ཀྱི་བདེན་མཐུ་བསམ་གྱིས་མི་ཁྱབ་པ།



༈ མི་རྭ་ཅན། མགོ་གཉིས་ཅན། ལུས་སྟོད་གཉིས་ཅན། ཕག་ལས་མི་སྐྱེ་བ། རྒྱ་མཚོ་ནང་གི་མེ་ཏོག་འབུ་རིགས་སུ་སྐྱེ་བ། ས་མཐོའི་དབྱར་རྩ་དགུན་ཁ་འབུར་ཆགས་པ་སོགས། དེང་སང་གི་དུས་རབས་འདིར་ཤེས་བྱ་ལ་ཡིན་པ་སྲིད་མི་སྲིད་ཀྱི་སྐད་ཆ་ཁྱོན་ནས་མེད་པར། ཕལ་ཆེར་ཡོད་ཚད་ནས་ཡོད་ཚད་ཡིན་པ་སྲིད་པའི་ཤེས་བྱ་དག་དག་ཡིན་པའི་སྣང་ཚུལ་སྣ་ཚོགས་མཐོང་རྒྱུ་ཡོད།

Sunday 16 September 2018

བོད་ཡིག་འཇིག་རྟེན་ལས་འདས་མ་འདས་གང་ཡིན་ཞེས་པར་ལན་བཏབ་པ་ཚིགས་སུ་བཅད་པ་གསུམ་པ།



༈ ཨ་ཡིག་སྟོང་པ་ཆོས་སྐུའི་དབྱིངས་ཉིད་ལས།།
དབྱངས་གསལ་སོ་གསུམ་མ་འགག་རང་རྩལ་ངང་།།
ཉི་དང་ཟེར་བཞིན་འདུ་འབྲལ་མེད་གནས་པས།།
འཇིག་རྟེན་འཇིག་རྟེན་ལས་འདས་ཕྱོགས་བྲལ་ཉིད།།

Sunday 19 August 2018

ཨ་ནུ་ཡོ་གའི་ཆོས་སྐོར་འདུས་མདོ་དང་འབྲེལ་བའི་སྐོར་གྱི་དྲི་ལན།

«ཕྲིན་ཕྲན་ནང་གི་དྲྭ་ཚོམས་དག་ཏུ་འདུས་མདོའི་སྐོར་གྱི་བཀའ་འདྲི་རོབ་ཙམ་ཞུས་པ་ལས་བྱུང་བའི་དོགས་ལན།»


དྲི་བ། ལྷན་རྒྱས་ཉིན་མོ་བདེ་ལེགས། ཀུན་རྟོག་གི་འཆར་སྣང་འགའ་ཞིག་ཞུ་བར་འདོད་པས། བཀའ་ལན་ཡོད་པར་འཚལ།
  1. སློབ་དཔོན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ཀྱི་གསོལ་འདེབས་ལེའུ་བདུན་མའི་ནང་གསེས་ལེའུ་བཞི་པ་གསང་བ་རིག་འཛིན་བརྒྱུད་པའི་གསོལ་འདེབས་སྐབས། སྔ་འགྱུར་བཀའ་མ་མདོ་རྒྱུད་སེམས་གསུམ་གྱི་རིམ་བརྒྱུད་རྣམས་ལས། རྫོགས་ཆེན་དང་སྒྱུ་འཕྲུལ་བརྒྱུད་པའི་བླ་མ་ལ་གསོལ་འདེབས་རེ་མཛད་ཡོད་ཅིང་། འདུས་མདོ་བརྒྱུད་པའི་བླ་མ་ལ་གསོལ་འདེབས་མཛད་པ་ཡེ་ནས་མི་གསལ་བས། འདི་ཡི་རྒྱུ་མཚན་གང་ལ་ཐུག་གམ།

Wednesday 8 August 2018

རྩ་རྒྱུད་གསང་བ་སྙིང་པོ་ནང་རྒྱུད་སྡེ་གསུམ་གང་ལྟར་དུ་བཀྲལ་ཚུལ་ལ་དཔྱད་པ།


རྗེ་བཙུན་འཇམ་དཔལ་རྡོ་རྗེ་རྣོན་པོ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ།།
བློ་གྲོས་སྤོབས་པའི་གཏེར་ཆེན་སྩལ་དུ་གསོལ།

དེ་ལ་འདིར་རྩ་རྒྱུད་གསང་བ་སྙིང་པོ་ཉིད་ནང་རྒྱུད་སྡེ་གསུམ་གང་ལྟར་དུ་བཀྲལ་ཚུལ་གྱི་བཀའ་སྲོལ་རྣམ་པ་གཉིས་ཀྱི་དགོངས་པ་འགྲེལ་སྟངས་ལ་དཔྱད་པ་རགས་ཙམ་ཞིག་བྱ་བ་ལ། ཟབ་པ་མན་ངག་གི་བཀའ་སྲོལ་ཆེན་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་གསང་སྙིང་འགྲེལ་པ་ཕྱོགས་བཅུ་མུན་སེལ་གྱི་དགོངས་འགྲེལ་སྤྱི་དོན་འོད་གསལ་སྙིང་པོ་ནས་གཞུང་འདི་ཉིད་ནང་རྒྱུད་སྡེ་གསུམ་གང་ལྟར་དུ་བཀྲལ་ཚུལ་ལ་དཔྱད་པ་དང། རྒྱ་ཆེ་བའི་ཤིང་རྟའི་བཀའ་སྲོལ་ཆེན་པོ་ཀུན་མཁྱེན་ཟུར་པ་ཡབ་སྲས་ཀྱི་ཞལ་རྒྱུན་དང་འགྲེལ་པ་དག་གི་དགོངས་འགྲེལ་གསང་བདག་ཞལ་ལུང་ནས་གཞུང་འདི་ཉིད་ནང་རྒྱུད་སྡེ་གསུམ་གང་ལྟར་དུ་བཀྲལ་ཚུལ་ལ་དཔྱད་པ། དེ་གཉིས་ཀྱི་མཐར་ཐུག་གི་དོན་ལ་དགོངས་པ་རོ་གཅིག་པའི་ཚུལ་གྱིས་གྲུབ་དོན་བསྡུ་བ་བཅས་རྣམ་པ་གསུམ་གྱིས་ཞུ་བར་བྱ་བ་ལས།