༈
ཨ་ཡིག་སྟོང་པ་ཆོས་སྐུའི་དབྱིངས་ཉིད་ལས།།
དབྱངས་གསལ་སོ་གསུམ་མ་འགག་རང་རྩལ་ངང་།།
ཉི་དང་ཟེར་བཞིན་འདུ་འབྲལ་མེད་གནས་པས།།
ཕར་ཕྱིན་དང་ནི་རྡོ་རྗེ་ཐེག་པ་ཡི།།
བརྗོད་བྱའི་སྙིང་པོ་ཡི་གེ་ཨ་ཉིད་དེ།།
སྣང་སྲིད་ཆོས་ཀུན་སྟོང་བརྟེན་ཟུང་མའི་ངང་།།
གནས་པའི་ཚུལ་དེ་གང་གིས་རིག་དེ་མཁས།།
འདི་ལྟར་བཤད་འདི་གཞུང་ལུགས་ཟབ་མོ་ཡི།།
དབང་བྱས་རྣམ་གཡེང་མེད་ཡིད་དག་གི་གནས།།
དེ་མིན་བོད་ཡིག་དབྱངས་གསལ་སོ་བཞི་པོ།།
འཇིག་རྟེན་འཇིག་རྟེན་ལས་འདས་གང་འཐད་ཟུངས།།
ངོ་དེབ་ནང་གི་ནང་ཆོས་བགྲོ་གླེང་དྲྭ་ཚོམས་ཀྱི་ཚོགས་མི་ཞིག་གིས་བོད་ཡིག་འཇིག་རྟེན་ལས་འདས་མ་འདས་གང་ཡིན་ཞེས་པར་ཚིག་ཉུང་དོན་ཟབ་མན་ངག་སྙིང་དྲིལ་དུ་ལན་བཏབ་པ་དགེའོ།།
༢༠༡༨།༠༩།༡༦།
No comments:
Post a Comment