Wednesday 21 July 2021

སེམས་ཉིད་དགྲ་གཉེན་གང་ཞིག་ཡིན་ནམ།

སེམས་ཉིད་སེམས་ཀྱི་དགྲ་ཡང་ཡིན།།
སེམས་ཉིད་སེམས་ཀྱི་གཉེན་ཡང་ཡིན།།
དེ་ཕྱིར་མདོ་བསྟན་སྣ་ཚོགས་ན།།
སེམས་ནི་དགྲ་གཉེན་སོ་སོར་བསྒྲུབས།།

འཁོར་བའི་བདེ་བར་ཆེས་རློམས་པས།།
དགྲ་ཆེན་ཆགས་སྡང་གཏི་མུག་གིས།།
རང་སེམས་གློ་བུར་རྣམ་རྟོག་ཅིང་།།
རང་ཉིད་དགྲར་གྱུར་འཁོར་བར་བསྐྱེད།།

མྱང་འདས་ཆེན་པོར་ཆེས་དགའ་བས།།
གཉེན་པོའི་ཡང་གཉེན་ཡེ་ཤེས་ལྔས།།
རང་སེམས་ཆོས་དབྱིངས་ཀློང་གྱུར་ཅིང་།།
རང་ཉིད་གཉེན་གྱུར་མྱང་འདས་བསྐྱེད།།

དེས་ན་འཁོར་འདས་བྱེད་པོ་ཀུན།།
རང་ཉིད་འབའ་ཞིག་རག་ལུས་ཤིང་།།
རང་སེམས་རང་ལ་དབང་ཡོད་པས།།
དགྲ་གཉེན་གང་སྒྲུབ་གང་འདོད་ཡིན།།

ཞེས་འཕྲིན་ཚོམས་ཤིག་ཏུ་སེམས་ཉིད་དགྲ་གཉེན་ཡིན་ཚུལ་གྱི་ཕྱོགས་གཉིས་ཀྱི་འདོད་པ་མི་མཐུན་པ་བྱུང་བ་ལ་རང་གི་འཆར་སྣང་ཞིག་ཉུང་བསྡུས་ལམ་ནས་འབྲི་འདོད་ཀྱི་འདུན་པས་སྨྱུག་རྩེ་ཤར་མར་བསྒུལ་བའོ། །༢༨།༠༧།༢༠༢༡



No comments:

Post a Comment