སྐྱེ་འགྲོ་སེམས་ཅན་སྤྱི་མཐུན་གྱིས།།
ཚེ་རབས་འདི་དང་སྔ་མའི་བར།།
ལས་ངན་སྣ་ཚོགས་བསགས་པ་ལས།།
ས་རྐོ་རྡོ་སློག་ལ་སོགས་ཀྱིས།།
ས་ཡི་བཅུད་རྣམས་ཉམས་བྱས་པས།།
ས་གཞི་ཡོངས་སུ་འཁྲུགས་གྱུར་ཅིང་།།
ས་འགུལ་ས་རུད་ཆུ་རུད་བྱུང་།།
རབ་བརྗིད་བ་གམ་ཁང་ཆེན་དང་།།
རབ་མཛེས་སྣུམ་ལམ་ཀྱག་ཀྱོག་དང་།།
རབ་འཚེར་མཚར་སྡུག་འཁོར་ཡུག་བཅས།།
རབ་དགས་མི་འདོད་ལས་འབྲས་ཐོབ།།
དེ་བཞིན་མགོ་བདེ་དྲན་འཁྲུལ་གྱིས།།
རྫས་སྦྱོར་སྣ་ཚོགས་བགྱིས་པ་ལས།།
མཐའ་ན་ཕྲ་ཕུང་སེམས་ཅན་ཡང་།།
བཟོས་ཏེ་མི་གསོད་ལས་ལ་བཀོལ།།
མདོར་ན་འདི་སྣང་དཀའ་ངལ་དག།
མི་ཡིས་བཟོས་རུང་རང་བྱུང་གིས།།
བྱུང་ཡང་རུང་སྟེ་གཙོ་བོ་ནི།།
ཁག་བཀྲི་བྱེད་ས་གཞན་མེད་དེ།།
དཔེར་ན་ནད་ཡམས་འདི་ལྟ་བུ།།
ཚན་རིག་པ་དང་རྒྱ་ནག་པ།།
སུ་ཡིས་བཟོས་དང་མ་བཟོས་རུང་།།
སྤྱི་མཐུན་ལས་ཀྱིས་བཀོད་པ་ཡིན།།
དེ་བཞིན་ནང་མི་ནང་ཕན་ཚུན།།
གཅིག་ཀེག་གཅིག་ལ་ཕོག་པ་སོགས།།
དེ་ལྟའི་རྣམ་སྨིན་མྱོང་དགོས་འདིའང་།།
ལས་འབྲས་བསམ་མི་ཁྱབ་པས་རེད།།
བསམ་མི་ཁྱབ་པའི་ལས་འབྲས་འདིའང་།།
རྟེན་འབྲེལ་ཆེན་པོའི་རང་མདངས་ཡིན།།
བློ་འདས་སྨྲ་བསམ་བརྗོད་མེད་ཡིན།།
ཁག་དཀྲི་བྱེད་ས་གང་ཡང་མེད།།
ལས་མེད་ན་ནི་སེམས་ཅན་མེད།།
སེམས་ཅན་མེད་ན་ལས་ཀྱང་མེད།།
ལས་དང་སེམས་ཅན་རྟེན་བརྟེན་པས།།
འཁོར་བར་རྒྱུན་མར་འཁོར་བའོ།།
རང་འབྲེལ་ལས་འབྲས་ཅི་མྱངས་ཀུན།།
རང་གིས་བྱས་པ་ཁོ་ན་ལས།།
གཞན་གྱིས་བྱས་མིན་ཤེས་པ་ཡི།།
ཚུལ་ལ་བསམ་ཞིང་སྒོམ་གལ་ཆེ།།
དེ་ལྟའི་གོམས་པ་གོང་འཕེལ་བས།།
འཁོར་བར་ངེས་པར་འབྱུང་འགྱུར་ཞིང་།།
མྱང་འདས་ཡོན་ཏན་འཕེལ་བས་ན།།
ནན་གྱིས་འབད་པས་བརྩོན་འོས་སོ།།
ཞེས་བཅུ་དགུ་ལོའི་ཏོག་དབྱིབས་ནད་ཡམས་ཀྱི་རྒྱུ་རྐྱེན་འབྱུང་ཁུངས་ཐད། དྲྭ་ལམ་དག་ཏུ་བཤད་པ་དང་རྩོམ་པ་སྣ་ཚོགས་མཛད་པ་དག་ལ་མི་འཐད་བཞིན། རང་ཉིད་ལ་སེམས་གསོའི་ཚུལ་དུ། དོལ་བུ་ཧྲུལ་པོས་ ༢༧།༠༦།༢༠༢༡ ཉིན་བྲིས།
No comments:
Post a Comment