Wednesday 21 July 2021

སེམས་ཉིད་དགྲ་གཉེན་གང་ཞིག་ཡིན་ནམ།

སེམས་ཉིད་སེམས་ཀྱི་དགྲ་ཡང་ཡིན།།
སེམས་ཉིད་སེམས་ཀྱི་གཉེན་ཡང་ཡིན།།
དེ་ཕྱིར་མདོ་བསྟན་སྣ་ཚོགས་ན།།
སེམས་ནི་དགྲ་གཉེན་སོ་སོར་བསྒྲུབས།།

Sunday 27 June 2021

སྤྱི་མཐུན་གྱི་ལས་འབྲས།

སྐྱེ་འགྲོ་སེམས་ཅན་སྤྱི་མཐུན་གྱིས།།
ཚེ་རབས་འདི་དང་སྔ་མའི་བར།།
ལས་ངན་སྣ་ཚོགས་བསགས་པ་ལས།།
ད་ལྟའི་རྣམ་སྨིན་འཁོར་བ་བདེན།།

Wednesday 12 May 2021

སྟོན་པའི་འཁྲུངས་ལོ་དང་འདས་ལོ།

(གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པའི་འཁྲུངས་འདས་དུས་དྲན་གྱི་ལོ་གྲངས་སྐོར་ཡིག་བསྒྱུར་གྱི་ལམ་ནས་གསལ་བརྗོད་དང་རེ་བསྐུལ།)


དོལ་ཚེ་དགའ།

མགོ་གཏམ།

དུས་རབས་ཀྱི་ཁྱོག་མཚམས་འདིར། འཛམ་གླིང་རྒྱལ་སྤྱིར་ཐོ་འགོད་བྱས་པའི་ཕ་མ། བྱིས་པ། དགེ་རྒན། སློབ་ཕྲུག དཔེ་ཀློག ཡིག་གཟུགས་སོགས་ཀྱི་དུས་ཆེན་མང་དུ་ཕྱིན་ཡོད་ཅིང་། ཆོས་ལུགས་བྱེ་བྲག་པ་རྣམས་ཀྱི་དུས་ཆེན་རྣམས་ཀྱང་འཛམ་གླིང་རྒྱལ་སྤྱིར་ཐོ་འགོད་བྱས་པ་སོགས་ཀྱི་རྐྱེན་པས། ད་ལྟའི་ཆར་ཀློག་པ་ཐོས་བསམ་པ་ཡིན་རུང་མིན་རུང་སྤྱི་ཚོགས་རིག་གནས་ལ་ཁ་མ་ཕྱོགས་པའི་མགོ་ནག་གདོང་དམར་ཧི་མཱ་ལ་ཡའི་མི་རིགས་དུ་མ་ཞིག “སྔོན་མ་འུ་ཅག་བོད་བརྒྱུད་ནང་བསྟན་པས་སྟོན་པའི་དུས་ཆེན་གསུམ་འཛོམ་མམ་སྟོན་པའི་འཁྲུངས་སྐར་ཉིན་མོ་དེ། བོད་ཟླ་བཞི་པ་ས་ག་ཟླ་བའི་ཉ་གང་ཉིན་མོར་རྩི་སྲོལ་ཡོད་ཀྱང་། དེང་སང་ཡང་འཛམ་གླིང་རྒྱལ་སྤྱི་ཅིག་ཅིག་དང་ལྷོ་བརྒྱུད་ནང་བསྟན་མིག་མིག་ཟེར་ནས་སྟོན་པའི་དུས་ཆེན་གྱི་ཉིན་མོ་དེ་ཁ་ཁར་རྩི་བཞིན་འདུག དེ་ཇི་ལྟར་ཡིན་ན།” བསམ་པའི་སོམ་ཉིའི་ཀློང་དུ་ཚུད་ཀྱིན་པ་རེད། 

Wednesday 3 March 2021

མ་ཤེས་བཞིན་དུ་བྱས་པའི་ནོར་འཁྲུལ་ལ་ཁག་གཏན་ནས་མེད་པ་བདེན་པ་རེད།


ངའམ་ང་ལྟ་བུའི་གང་ཟག་དཀྱུས་མའི་དཀྱུས་མ་རྣམས་སྤྱི་ཡོངས་གཞིར་བཞག་ནས་བཤད་ན། ཚེ་རབས་ནས་ཚེ་བརྒྱུད་ཐམས་ཅད་དུ་བདག་སོགས་ལ་གོས་ཤིང་གོམས་པའི་གཤིས་རྒྱུད་ངན་པ་ནི། ལྡོག་ཐུབ་པར་དེ་ཙམ་ལས་སླ་པོ་ཡོད་ས་མི་འདུག་སྟེ། ཚེ་འདིའི་གློ་བུར་གྱི་གོམས་གཤིས་ངན་པ་རྣམས་ནི། ཕལ་ཆེར་ལྡོག་མི་ཐུབ་པ་དེ་འདྲ་ཅང་མེད་དྲོ་སེམས། རྒྱུ་མཚན་ནི། ཇི་ལྟར་ཚེ་རབས་མང་པོར་ལས་ངན་མུ་མཐུད་བསགས་པ། དེའི་ཚོད་ཀྱིས་གཤིས་ངན་དེ་ཐུ་རུ་འགྲོ་བ་དང་། དེའི་རྐྱེན་གྱིས་རང་དང་རང་གཤིས་ངན་པ་དེ་གཉིས་པོ་མཉམ་དུ་སྦྲེལ་བས། ཁྱོད་ལ་སྤྱོད་ངན་དང་གཤིས་ངན་འདི་འདྲ་ཞིག་འདུག་ཟེར་ཀྱང་ང་ཚོས་ཧ་གོ་ཡི་མེད་ལ། དེ་ལ་བརྟེན་ནས་ང་ཚོས་སོ་སོའི་སྤྱོད་ངན་དེ་དག་སོ་སོ་ལ་ཡོད་པར་ངོས་ལེན་གཏན་ནས་བྱེད་ཀྱི་མེད། གང་ཡིན་ཟེར་ན། གང་ཟག་སུ་ལའང་ལྷན་སྐྱེས་ཀྱི་ང་རྒྱལ་ཞིག་ཡོད་ཅིང་། དེ་ལ་བརྟེན་ནས་རང་ཉིད་ནམ་ཡང་སྐྱོན་མེད་ཁོ་ན་ཡིན་པར་དྲན་གྱི་ཡོད་པས་རེད། ཕྱོགས་གཅིག་ནས་ཚེ་འདི་རང་ལ་ཉོན་མོངས་རང་མཚན་པ་ཐུ་ཆེ་བར་གོམས་པ་རྣམས་ཀྱང་། རང་གོས་དྲི་མ་དེ་དག་གཙང་ཁྲུས་རྒྱག་རྒྱུར་ཐབས་ལམ་དམིགས་བསལ་ཞིག་མ་བསྟེན་ན། དེ་ཡང་དཀའ་ལས་ཁག་པའི་ཚོད་དུ་གདའ།

Wednesday 17 February 2021

གདམ་ང་ཅན་གྱི་ཡི་གེ། རྙོག་གྲ་ཅན་གྱི་ཡི་གེ།

"ལོ་གསར་ལོ་སར་གང་ཡང་རུང་།།" ཟེར་བ་ལྟ་བུའི་བོད་ཡིག་ཏུ་ཡི་གེ་གདམ་ང་ཅན་དེ་འདྲ་ཇི་ཙམ་མང་བ་དེ་ཙམ་རྙོག་གྲ་ཆེ་རོགས་རེད་འདུག  

Thursday 4 February 2021

ནང་རིག་གཞུང་ཆེན་ལ་ཤེས་འཚོལ་གཏིང་ཟབ་བྱེད་པ་ལས་ནང་རིག་གི་ལོ་རྒྱུས་སློབ་སྦྱོང་ལ་དོ་དབྱིངས་བྱ་རྒྱུ་གལ་ཆེ།


ཡེ་ལུགས་བགྲང་བྱའི་ཕུང་པོ་བརྒྱ་ཕྲག་བཞི་པ་ལྔ་པ་ཙམ་ནས་བཟུང་སྟེ། མཁས་གྲུབ་ཐམས་ཅད་ཀྱི་རྒྱལ་པོ་ཀླུ་ཐོགས་ཞི་འཚོ་ལ་སོགས་པས་གཙོས། རྒྱན་དྲུག་ཟེར་ནའང་འདྲ། གཞན་ཡང་པཎ་གྲུབ་བཅུ་བདུན་དང་། པཎྜིཏ་ལྔ་བརྒྱ་དང་། གྲུབ་ཐོབ་བརྒྱད་ཅུ་ཟེར་ནའང་འདྲ། གང་ལྟར་ནཱ་ལནྡཱ་དང་། ཝི་ཀྲ་མ་ཤཱི་ལ། ཨོ་ཏནྟ་པུ་རི། ཨ་ཇནྟ་ལ་སོགས་པས་གཙོས་པའི་འཕགས་ཡུལ་གཙུག་ལག་ཁང་དང་སྒྲུབ་གནས་དག་ན་བཞུགས་པའི་མཁས་པའི་དབང་པོ་དང་གྲུབ་པའི་ཁྱུ་མཆོག་ཀུན་གྱིས་ནང་བསྟན་གསེར་བཙོ་མ་དེ་རི་དབང་ལྷུན་པོ་ལྟར་སྲ་ཞིང་བརྟན་པར་བཟུང་བ་ལྟ་བུ་བྱུང་ཡོད་ཀྱང་། ནཱ་ལནྡཱས་གཙོས་པའི་གཙུག་ལག་སློབ་ཁང་དག་ནས་མཁས་པའི་གོ་སར་བསྙེགས་པའི་པཎྜིཏའི་མཚན་ཅན་རྣམས་ཀྱིས། སངས་རྒྱས་ཀྱི་བཀའ་ཡི་དགོངས་པ་རྣམས་ལ་ཐོག་མར་གཞུང་བྱེད་པ་པོ་ཟེར་བ་ཞིག་གིས་འགྲེལ་བ་མཛད་པ་དང་། དེ་ལའང་འགྲེལ་བ་བྱེད་པ་པོ་ཟེར་བ་དག་གིས་ཨ་འགྲེལ་དང་ཡང་འགྲེལ་གྱིས་ཕུ་ཐག་ཆོད་རྒྱུ་གཏན་ནས་མེད་པར་རིམ་བཞིན་གྲུབ་མཐའི་སྒྲོ་འདོགས་ཅི་རིགས་པས་འགྲེལ་བ་སྣ་ཚོགས་པ་མཛད་ཡོད་པ་དང་། དུས་དེ་ནས་བཟུང་ད་ལ་ཐུག་གི་བར་གོ་ལ་འདིའི་ཡ་གླིང་གི་ཁྱོན་ཡོངས་སུ་བཤད་པའི་གྲྭ་མང་དུ་ཕྱིན་ཅིང་། སྣང་ཚོད་ལ་ལུང་གི་བསྟན་པ་ཤིན་ཏུ་དར་རྒྱས་བྱུང་བ་ལྟ་བུ་ཡིན་ཡང་། ཞིབ་པར་བརྟགས་ན་ལུང་གི་བསྟན་པ་ཆེས་ཆེར་དར་བ་ཙམ་ལས། ཡང་དག་པའི་ལུང་གི་བསྟན་པ་ནི་བཤད་གྲྭ་དེ་དག་གི་ཉེར་ལེན་ལས་རིམ་བཞིན་རྒུད་པ་རྒུད་པར་ཕྱིན་པ་བྱུང་ཡོད། དེ་དག་ཀྱང་བསྟན་པའི་ནང་གི་རྩ་བ་རྟོགས་པའི་བསྟན་པ་ཉམས་རིམ་བཞིན་ལུང་གི་བསྟན་པར་ཡང་ཉམས་རྒུད་དེ་ལྟ་དེ་ལྟར་བྱུང་གི་ཡོད་པ་དང། རྟོགས་པའི་བསྟན་པའི་ཉེར་ལེན་གྱི་རྒྱུ་སྒོམ་སྒྲུབ་བྱ་རྒྱུ་ཡིན་ཞིང་། གང་ཞིག་སྒོམ་སྒྲུབ་བྱ་རྒྱུ་དེའང་ཐོག་དང་པོའི་གཞི་རྩ་ཪིགས་པས་ཕུ་ཐག་ཆོད་པའི་ཐོས་བསམ་དཔྱིས་ཕྱིན་པ་ཞིག་བྱས་པ་དེའི་སྟེང་བསྒྲུབ་རྒྱུ་ཡིན་པར་གདོན་མི་ཟ་མོད། འོན་ཀྱང་གཙུག་ལག་དེ་དག་ཏུ་ལུང་གི་བསྟན་པ་གཙོ་བོར་མཛད་པའི་ཉེར་ལེན་ལས། ད་ཆར་གཞིགས་ན་རིམ་བཞིན་རྟོགས་པའི་བསྟན་པ་དེའང་རིང་ས་རིང་སར་གྱུར་པ་དང་། ལུང་གི་བསྟན་པའི་གནས་ཚད་ཀྱང་རབ་འབྲིང་ཐ་གསུམ་དགུ་ཕྲུགས་སུ་ཕྱེ་བའི་ཐ་མའི་འབྲིང་པོ་ལྟ་བུར་བསླེབ་པའི་ཚོད་དུ་གདའ།

Sunday 31 January 2021

སུ་ལའང་ཞེ་འཁོན་དོན་མེད།


གལ་ཏེ་བདག་སྐྱེ་བོ་ཐ་མལ་པ་ཞིག་ལས་ཀྱང་ཆེས་ཐ་མལ་པ་ཞིག་ཡིན་ན། བདག་གིས་ཅིས་ཀྱང་ཤིན་ཏུ་འཁོན་པར་བྱ་བའི་ཡུལ་ནི་རང་ཉིད་ཀྱི་ཨ་ཕ་ལགས་ཡིན་མོད། འོན་ཀྱང་བདག་ལ་མཚོན་ན་འཇིག་རྟེན་འདིར་སྐྱེས་ནས་བཟུང་སྙིང་ནས་སྡང་བར་བྱ་བ་དང་འཁོན་པར་བྱ་བའི་གནས་སུ་ཞིག་ཀྱང་ཡེ་ནས་མེད་པས། བདག་དང་འབྲེལ་བ་ཐོགས་ཚད་བདེ་བར་བཞུགས་ཤིག  

Wednesday 13 January 2021

སྨྱུག་རྩེའི་སྐད་ཡིག་ཅེས་པའི་ངོ་དེབ་དྲྭ་བས་མ་ཎི་ཟློས་ཞེས་པའི་ཟློས་ལ་ཡུལ་སྐད་ཀྱི་སྒྲ་གདངས་དམིགས་བསལ་ཡོད་མེད་སྐོར་དྲི་བ་དྲིས་པར་ལན་ཕུལ་བ།


དོལ་པོའི་སྐད་དུ། སྐྲ་དང་སྨྱུག་མ་སོགས་བསླ་བྱ་སླ་བྱེད་བསླས་སློས་ཞེས་པ་དང་ཚིག་གཅིག་པར། མ་ཎི་བསླ་བྱ་སློ་བྱེད་བསླས་སློས་ཞེས་བེད་སྤྱོད་པར་སྙམ། དཔེར་ན། མ་ཎི་བསླ་རྒྱུ་ཡིན། མ་ཎི་སློ(་བཞི)ན་འོད། བསླས་ཚར་རིན། སློས་ལེད། ཟེར་བ་ལྟ་བུར་རོ།།

ནང་ཆོས་ནི་ཧིན་དུའི་ཆོས་ལུགས་ཀྱི་ཡན་ལག་ཡིན་ནམ།

རཏྣ་ཤྲཱི་རིན་པོ་ཆེ།


སྔོན་མའི་གནས་སྐབས་ཀྱི་རྒྱ་གར་རྒྱལ་ཁམས་ཆེན་པོ་རུ། བྲམ་ཟེའི་རིགས་བརྒྱུད་དང་། དགེ་སྦྱོང་གི་རིགས་བརྒྱུད་སོགས་ཡོད་པ་ཡིན་ཅིང་། བྲམ་ཟེའི་རིགས་བརྒྱུད་རྣམས་ནི་སྤྱི་ལོའི་སྔོན་གྱི་ལོ་ངོ་ ༢༠༠༠ དེ་བར་རྒྱལ་ཁམས་གཞན་ནས་རྒྱ་གར་སིནྡྷུའི་ཆུ་བོ་བརྒྱུད་གནས་མཆོག་མ་གྷ་དྷ་རུ་རིམ་བཞིན་འཛུལ་བ་ཞིག་ཡིན་པ་དང་། དེ་དུས་ཁོང་ཚོས་འཁྱེར་ཡོང་བའི་ཆོས་ནི་རྀག་ཝེད་དེ་རིག་བྱེད་བཞིའི་ནང་གསེས་ངེས་བརྗོད་ཀྱི་རིག་བྱེད་དེ་ཡིན། དེའི་ཚེ་ན་ཁོང་ཚོའི་རིག་བྱེད་ཀྱི་ཡན་ལག་ཡོངས་སུ་གྲུབ་མེད་ལ། ཕྱིས་སུ་རིམ་གྱིས་རིག་བྱེད་གཞན་རྣམས་ཀྱང་ཆ་ཚང་བར་གྲུབ། རིག་བྱེད་དེའི་རིང་ལུགས་པ་ནི་དེང་སང་ཇཻན་དུ་གྲགས་པའི་གཅེར་བུ་པ་དག་གི་ཆོས་ཡིན་པ་དང་། གཅེར་བུ་པ་དེ་དག་དང་རིག་བྱེད་བསྟན་བཅོས་ནང་གི་སྐད་རྣམས་ནི་ཧ་ཅང་མཐུན་པོ་ཡོད་པ་རེད། ཡིན་ནའང་ཕྱིས་ཕྱིས་ཀྱི་རིག་བྱེད་བསྟན་བཅོས་རྣམས་ནི་གནའ་བོའི་རིག་བྱེད་ཀྱི་སྐད་ལས་ཅུང་ལོགས་སུ་གྱུར་ཡོད་པ་མ་ཟད། རིག་བྱེད་བཞི་པོ་ཐམས་ཅད་རྒྱ་གར་ལེགས་སྦྱར་གྱི་སྐད་དུ་བྲིས་ཡོད་པ་མ་ཡིན་པར་ཚནྡ་ཞེས་པའི་སྐད་ཡིག་ཏུ་བྲིས་ཡོད་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་དུས་སུའང་དེ་ལ་ཚནྡ་ཞེས་གྲགས་ཏེ། པཱ་ལི། སཾསྐྲྀཏ། པྲ་ཀྲི་ཏ། པཻ་ཤཱ་ཙི་ལ་སོགས་པའི་སྐད་དུ་གསུངས་པའི་སངས་རྒྱས་ཀྱི་བཀའ་རྣམས་སུ། རིག་བྱེད་ཀྱི་སྐད་ལ་ཚནྡ་ཞེས་གསུངས་ཡོད། ལེགས་སྦྱར་རམ་སཾསྐྲྀཏ་སྐད་ནི་དེའི་ཕྱིས་སུ་བྱུང་བ་ཡིན་པ་དང་། ལེགས་སྦྱར་གྱི་བརྡ་སྤྲོད་ཀྱི་འགྲོས་རྣམས་རིག་བྱེད་ཀྱི་ཚནྡའི་སྐད་ཡིག་གི་བརྡ་སྤྲོད་ལས་གཞན་དུ་ཡོད་པ་རེད། མདོ་དོན་བྲམ་ཟེའི་མི་རིགས་རྣམས་རྒྱལ་ཁམས་གཞན་ནས་རྒྱ་གར་དུ་འཛུལ་ཞུགས་བྱས་པ་རེད་ལ། ཤྲ་མཱ་ཎ་སྟེ་དགེ་སྦྱོང་མགོ་རེག་གི་རིང་ལུགས་ནི་སྔ་མོ་ནས་ཡོད་པ་རེད། 

Tuesday 12 January 2021

ས་ཀི་ནཱ་བྷཱཊ་ཟེར་བ་དེ་ད་རིང་གཞི་ནས་ངོ་འཕྲོད་སོང་།


མི་རིགས་འདྲེས་མའི་བུ་རབས་ཚ་བརྒྱུད་ཟེར་བ་དེ་མི་འདྲ་བ་ཞིག་ཡོད་པ་གོ་མྱོང་ཡོད་ལ་ཏན་ཏན་རང་རེད་འདུག འདས་པའི་ཟླ་བ་ཁ་ཤས་ནང་བོད་ཀྱི་བརྙན་འཕྲིན་གྱི་དབྱིན་སྐད་ཚན་པའི་བཅར་འདྲིས་གཙོས་པའི་གསར་འགྱུར་རེ་འགའ་ལྟ་ཉན་བྱས་པ་ཡིན། དེའི་བརྒྱུད་ངོས་རང་ཅུང་ཧ་ལས་ཤིང་དོགས་པ་ཟ་ཡུལ་དུ་གྱུར་པ་ནི། དབྱིན་སྐད་ཚན་པ་དེའི་ལས་རིམ་གཙོ་སྐྱོང་བ་བུད་མེད་ན་གཞོན་མ་སྟེ། མིང་ལ་ས་ཀི་ནཱ་བྷཊ་[Sakina Bhatt]ཟེར་བ་དེ་རེད།

Sunday 10 January 2021

ཝུ་སོབ་ཚིག་ཇ།



ཀུན་ཕན་ཟ་ཁང་ནང་དུ།།
ཝུ་སོབ་ཚིག་ཇ་བཏུངས་པ།།
ཐེངས་མ་དང་པོ་ཡིན་ལ།།
ཧ་ཅང་ཞིམ་པོ་བྱུང་སོང་།།

Wednesday 6 January 2021

དོལ་སྐད་ཀྱི་ཐ་སྙད་བསྒྲུབ་བྱའི་རྩ་བའི་ཡི་གེ་འགའ་ཞིག་གི་སྐོར།


༈ བོད་མིའི་རང་བཞིན་སྐད་བརྡ་དེ།
རིམ་བཞིན་ཉམས་པར་གྱུར་པ་ཡིས།།
ཟུར་ཆག་གྱུར་པ་དོལ་སྐད་ཀྱི།།
གནད་འགག་འགའ་ཞིག་གླེང་བར་བྱ།།