Thursday 8 June 2017

དམ་ཆོས་འདུལ་བའི་ཆོ་གའི་ཡོ་བྱད་གཎྜིའི་ངོ་སྤྲོད།



དེ་ལ་འདིར་དམ་ཆོས་འདུལ་བའི་སྐབས་དགེ་འདུན་འདུ་བའི་ཡོ་བྱད་གཎྜིའི་སྐོར་ལ་འབེལ་གཏམ་བསྒྲོག་པར་བྱ་བའི་སྒྲོམ་གྱི་གཞི་རྣམ་པ་བཅུ་གཅིག་གིས་རྣམ་པར་དབྱེ་བར་བྱ་བ་ལས།

༡༽ ངོ་བོ་ནི། 
གཎྜི་ཞེས་པ་རྒྱ་གར་ལེགས་སྦྱར་གྱི་སྐད་དེ། དོན་དུ་ན་བརྡུང་བྱ་ཞིག་གི་གོ་བ་ལ་འབྱོར་དགོས་པ་ཡིན་པས་ན། བརྡུང་བྱའི་ཡོ་བྱད་གང་ལའང་ཐ་སྙད་དེ་འཇུག་པ་ཡོད་མོད། འོན་ཀྱང་སྐབས་འདིར་ནང་པ་སངས་རྒྱས་པས་དམ་པའི་ཆོས་འདུལ་བ་ཉིད་ཀྱི་དབང་དུ་བྱས་ནས། གཞི་གསུམ་གྱི་ཆོ་ག་ལ་སོགས་པ་ནམ་བྱ་བའི་སྐབས་སྐབས་རྣམས་སུ་དགེ་འདུན་རྣམས་བསྡུ་བ་སོགས་ཀྱི་བརྡ་སྤྲོད་བྱེད་ཀྱི་ཡོ་བྱད་གཅིག་གོ  སྤྱིར་[གཎྜི་]ཞེས་པའི་ཡི་གེའི་སྦྱོར་བ་འདི་དེ་ལྟ་ཉིད་དུ་རྒྱལ་བའི་བཀའ་བསྟན་ཡོངས་སུ་རྫོགས་པར་འ་ཆུང་སྦྱར་ཡོད་མེད་ཀྱི་ཁྱད་པར་ཙམ་གྱིས་ཁྱབ་པར་གནས་ཡོད་ཀྱང། ལེགས་སྦྱར་གྱི་ཡི་གེ་དངོས་གཏན་འབེབས་སྐབས་སུ་སྦྱོར་བ་ཇི་ལྟར་གནང་གི་ཡོད་མེད་འུ་ཅག་གི་མིག་སྔར་ལེགས་སྦྱར་གྱི་ཚིག་མཛོད་དག་ཏུའང་དམིགས་གསལ་མཇལ་རྒྱུ་མེད་མོད། འོན་ཏེ་རྒྱ་གར་དང་བལ་ཡུལ་གྱི་ཡི་གེའི་སྦྱོར་བར་བསམ་ན། གྷ་དང་ཎ་དང་ཊཱི་བཅས་སྦྱར་བས་གྷཎཊཱི(घण्टी)ཞེས་གཅིག་མཐུན་གྱིས་འདི་ལྟར་སྦྱོར་ཚུལ་ཡོད་པ་ད་ལྟ་དངོས་སུ་སྤྱོད་བཞིན་པ་དེ་རེད།