༈ དཔལ་ལྡན་བླ་མ་དམ་པར་ཕྱག་འཚལ་ལོ།།
སེམས་བསྐྱེད་སྐོར་གྱི་དྲིས་ལན་ཅུང་ཞིག་འབུལ།།
གཞན་དོན་དུ་རྫོགས་བྱང་འཐོབ་འདོད་ཀྱི་བློ་སེམས་བསྐྱེད་ཀྱི་མཚན་ཉིད། ཟུར་གསུམ་སྟེ། གཞན་དོན་དུ་ཞེས་པས་རང་དོན་ཞི་བ་ཡིད་བྱེད་གཅོད། རྫོགས་བྱང་འཐོབ་འདོད་ཀྱི་བློ་ཞེས་པས་དངོས་སུ་དོན་དམ་སེམས་བསྐྱེད་གཅོད་ཅིང་། ཤུགས་ལ་འདོད་པའི་བློ་ཞེས་པས་སེམས་སེམས་འབྱུང་རྐྱང་པ་རེ་ལ་སེམས་བསྐྱེད་དུ་འདོད་པ་གཅོད་པ་སྟེ། འདོད་པ་ཞེས་པས་སེམས་བྱུང་འདུན་པ་བསྟན་པ་དང་། བློ་ཞེས་པས་གཙོ་སེམས་བསྟན་པ་ཡིན་པས། དེ་གཉིས་མཚུངས་པ་ལྔ་མཚུངས་ཀྱིས་འབྲལ་མི་ཤེས་པར་གནས་པའོ། །འདུན་པ་ནི་གཉིས་ཏེ། ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དང་། དོན་དུ་གཉེར་བྱ་རྣམ་མཁྱེན་འཐོབ་པའི་དོན་དུ་འདུན་པའོ། །དེ་ལྟར་འདུན་པ་དང་མི་འབྲལ་བའི་སེམས་བསྐྱེད་དགོས་སོ།།
མཚན་གཞི་ཐེག་ཆེན་རྒྱུད་ཀྱི་རང་འབྲས་སངས་རྒྱས་ཐོབ་བྱེད་ཀྱི་དགེ་བའི་ས་བོན་གཙོ་བོ་ངེས་འབྱུང་བཅོས་མ་མ་ཡིན་པའོ། །ཐེག་ཆེན་ངེས་འབྱུང་བཅོས་མ་མ་ཡིན་པ་དང་། ཐེག་ཆེན་སེམས་བསྐྱེད་དམ་བྱང་ཆུབ་ཀྱི་སེམས། ཐེག་ཆེན་རྒྱུད་ཀྱི་རང་འབྲས་སངས་རྒྱས་ཐོབ་བྱེད་ཀྱི་དགེ་བའི་ས་བོན་གཙོ་བོ་རྣམས་དོན་གཅིག་སྟེ། བྱམས་པའི་སྨོན་ལམ་ལས། ངན་འགྲོ་ལས་ནི་ལྡོག་བགྱིད་ཅིང་། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་དང་། མདོ་སྔགས་སྨོན་ལམ་ལས། ཡོད་ན་སངས་རྒྱས་སྒྲུབ་དེས་ཆོག་ཅིང་། །མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆག་པ། །སངས་རྒྱས་སྒྲུབ་པའི་ས་བོན་མ་ནོར་བ། །རྣམ་དག་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་སོ།།
དབྱེ་ན་གཉིས་ཏེ་སྨོན་འཇུག་གཉིས་སོ། །གཞན་དོན་དུ་རྫོགས་བྱང་འཐོབ་པར་འདོད་པ་ཙམ་སྨོན་པ་སེམས་བསྐྱེད་ཀྱི་མཚན་ཉིད། གཞན་དོན་དུ་རྫོགས་བྱང་འཐོབ་ཕྱིར་ལམ་ལ་བརྩོན་པས་འཇུག་པ་འཇུག་པ་སེམས་བསྐྱེད་ཀྱི་མཚན་ཉིད་དོ།།
མཚན་ཉིད་དེ་ལྡན་གྱི་སྨོན་འཇུག་གཉིས་ངོ་བོ་གཅིག་ཐ་དད་གང་ཞེ་ན་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དེ། སྨོན་པ་སེམས་བསྐྱེད་སྐྱེ་མ་ཐག་ནས་འཇུག་པ་སེམས་བསྐྱེད་སྐྱེ་བ་ལ་ཕྱོགས་ཤིང་། དེ་ནས་རང་འབྲས་མངོན་དུ་མ་བྱས་བར་དུ་སྨོན་འཇུག་གཉིས་ཀ་དང་ལྡན་པར་གྱུར་བ་ཡིན་པས། དེའི་ཚེ་དེ་གཉིས་པོ་ངོ་བོ་གཞན་དོན་དུ་རྫོགས་བྱང་འཐོབ་པར་འདོད་པ་ཙམ་ལ་ཁྱད་པར་གཏན་ནས་མེད་པའི་ཕྱིར་རོ།།
སེམས་བསྐྱེད་ཀྱི་ངོ་བོ་ནི། ཐོགས་མེད་སྐུ་མཆེད་གཉིས་ཀྱིས་བྱམས་ཆོས་རྣམས་ཀྱི་དངོས་བསྟན་གྱི་དགོངས་པ་ལྟར་དུ་བྱས་ནས་སེམས་འབྱུང་ལ་བཞེད་ཅིང་། འཕགས་པ་རྣམ་གྲོལ་སྡེ་ཡིས་གཙོ་སེམས་ལ་བཞེད་ཀྱང་། སློབ་དཔོན་སེང་གེ་བཟང་པོས་འདུན་སེམས་གྲོགས་སུ་ཡོད་པའི་སེམས་ལ་བཞེད་པས། རང་ལུགས་སུ་སེམས་སེམས་བྱུང་གཉིས་ཀར་འདོད་དེ། གྲོགས་འདུན་པ་གཉིས་དང་མཚུངས་ལྡན་དུ་གྱུར་པའི་གཙོ་སེམས་སོ།།
ངེས་ཚིག་ནི། ཙིཏྟ་ཨུདྤཱཏ་ཅེས། ཐེག་ཆེན་རང་འབྲས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་པའི་ངེས་འབྱུང་གི་སེམས་བཅོས་མ་མ་ཡིན་པ་མ་སྐྱེས་པ་བསྐྱེད་པར་བྱེད་པ། སྐྱེས་ཟིན་མི་ཉམས་པར་བསྐྱེད་པར་བྱེད་པ། མི་ཉམས་གོང་འཕེལ་གྱི་ཚུལ་དུ་བསྐྱེད་པར་བྱེད་པའི་དོན་ནོ།།
སྨོན་པ།
འཛིན་གྲོགས་སློབ་དཔོན་མཆོག་གིས་བཀས་བསྐུལ་བར།།
མ་གཟོད་སེམས་ཀྱིས་ཤར་མར་འབྲི་བར་འབད།།
བརྗོད་དོན་ཉུང་རུང་ཆུ་ཚོད་ཕྱེད་ཙམ་རིང་།།
བྲིས་འདིས་ཁྱེད་ཀྱི་ཐུགས་ཕན་གསོས་གྱུར་ཅིག།
༢༠༢༥/༠༦/༡༨ཉིན་བྲིས་པ་དགེའོ།།

No comments:
Post a Comment