Sunday, 18 May 2025

ཡུལ་སྐད་ཡིག་ཐོག་ཏུ་འབྲི་རུང་མིན་སོགས་ལས་འཕྲོས་པའི་ལན་དུ་བྲིས་པ།


༈ སྤྱིར་ཡུལ་སྐད་ཡིག་ཐོག་ཏུ་འབེབས་རྒྱུ་ནི། སྤྱི་སྐད་དམར་གསོད་གཏོང་བའི་རྒྱུ་རྐྱེན་དུ་འགྲོ་བར། སྔོན་བྱོན་མཁས་པ་མང་པོས་གསུངས་པ། ད་ལྟའི་མཁས་པ་ཚོས་ཀྱང་དེ་ལ་རྩི་བཀུར་ཞུ་བཞིན་པ་རེད། འོན་ཀྱང་རང་རེའི་ཡུལ་སྐད་ངེས་པར་དུ་ཡི་གེར་འགོད་དགོས་ན། སྔར་ཡོད་ཟིན་པའི་ཐ་སྙད་ལ་ང་ཚོས་རང་རང་གི་ཁ་ནས་གང་འཐོན་ལྟར་བསྒྱུར་ན་མི་རིགས་ཤིང་། སྒྲ་གདངས་ཀྱི་ཁྱད་པར་ཅུང་ཟད་རེའི་དབང་གིས་བཅོས་དགོས་ན། དཔེར་ན། སྔོན་གྱི་ཡིག་ཆ་རྣམས་སུ་"ཨ་ཇོ་"འབྲི་བ་དེ་ཁྱབ་ཆེ་བ་རེད་མོད། "ཨ་ཇོ་"དང་"ཨ་ཅོ་"གང་ལྟར་བྲིས་ནའང་ཁྱད་པར་མེད།

     དབུས་སྐད་དུ་"ཨ་ཅག་"གི་མིང་གི་རྣམ་གྲངས་ལ། "ཨ་ཅེ་"འབོད་ཀྱི་ཡོད་ཀྱང་། ང་ཚོ་ཁ་ཤས་ཀྱི་སྐད་དུ་"ཨི་ཅི"འམ་"ཨི་ཇི་"ལྟ་བུའི་སྒྲ་རུ་སླེབ་དགོས་ཀྱང་སླེབ་ཀྱི་མེད་པས། གང་ལྟར་"ཨི་ཅི་"དང་"ཨི་ཇི་"གང་རུང་དུ་བྲིས་ན་ཁྱད་པར་མེད། དེ་དག་གདམ་ཀའི་ཐ་སྙད་དུ་བཞག་ན་མི་ལེགས་རྒྱུ་མེད། 

     རྨོ་རྨོ་ལ་ཡང་ཡིག་རྙིང་རྣམས་སུ། "ཨ་ཕྱི་"ཞེས་འབྲི་བ་ཡོད་རེད་ལ། ང་ཚོ་ཁ་ཅིག་གི་ངག་ལ་"ཨི་ཝི་"ཞེས་པའི་སྒྲ་ལྟ་བུར་སླེབ་ཀྱི་ཡོད་ཀྱང་། འབྲི་དུས་ངེས་པར་དུ་"ཨི་ཕྱི་"ཞེས་འབྲི་དགོས།

     དེ་བཞིན་གཞན་ཡང་ཨ་ཁུ་ལ་"ཨུ་ཁུ"། ཨ་ནེ་ལ་"ཨེ་ནེ"། ཨ་ཞང་ལ་"ཨ་ཞང་"རང་བཅས་འབྲི་རྒྱུར་རེ་བ་ཡོད། 

     སྤྱིར་བརྡ་ཆད་ཡོད་ཚད་སམྦྷོཊས་བཟོས་པ་མ་རེད་ལ། དེའི་ཕྱིར་བརྡ་ཆད་གསར་པ་རེ་སྒྲིག་རྩོམ་བྱས་ན། སམྦྷོཊ་གཉིས་པ་ཆགས་དགོས་དོན་ཡང་གཏན་ནས་མེད་པས། རྩོམ་སྒྲིག་བྱ་བར་འོས་ན་བྱས་ན་ལེགས་མོད། རྩོམ་སྒྲིག་གི་བྱ་བ་ནི་མཁས་མང་འདུས་པའི་ཐུན་མོང་གྲོས་ཆོད་ལམ་ནས་ཐག་ཆོད་དགོས་པ་ལས། སོ་སོ་གཅིག་པུས་རང་ཤེད་ཚ་པོ་དང་རང་སྣང་གང་ཤར་གྱིས། ཁ་ནས་གང་འཐོན་ལ་ཚད་མར་འཛིན་ཏེ་རྩོམ་སྒྲིག་བྱེད་པ་ནི། དོན་མེད་ཀྱི་ངལ་བ་ལས་མ་འདས་སོ། གནས་སྐབས་འདི་ཙམ་ཡིན། 🙏


༈ མཆེད་གྲོགས་སློབ་དཔོན་ལགས། སྲོད་དང་སྲང་ལྟ་བུའི་མིང་གཞི་ལ། ལྷ་སའི་སྐད་ལྟར་ས་རྐྱང་པའི་སྒྲ་ལྟར་བོས་ནས་མི་ལོ་མང་པོ་ཕྱིན་ཚར་བ་རེད་དེ། ཁོང་ཚོས་ད་བར་ཡིག་ཐོག་ལ་སྲ་རང་ལས་ས་གཏན་ནས་བྲིས་ཡོད་པ་མ་རེད། དེ་བཞིན་ཧྲོད་དང་ཧྲང་ཟེར་མཁན་ཡང་ཡོད་རེད། ཁོང་ཚོས་ཀྱང་ཡིག་ཐོག་ཏུ་སྲོད་དང་སྲང་རང་འབྲི་བ་ལས། ཧྲོད་དང་ཧྲང་འབྲི་གི་མེད་པ་རེད། ང་ཚོའི་སྐད་གདངས་ལྟར་སྲ་ལ་ཤ་ལྟ་བུར་འབོད་མཁན་ཨ་མདོ་མཁས་པ་གྲངས་ལས་འདས་པ་བྱོན་པ་རེད། ཁོང་ཚོས་ཡིག་ཐོག་ཏུ་སྲང་དང་སྲོད་ཁོ་ན་ལས་དེ་མིན་བྲིས་ཡོད་མ་རེད། བྱས་ཙང་་་་སྲང་། སྲོད། སྲུ་མོ། སྲུང་མདུད། སྲུང་མ་རྣམས་སོར་བཞག་འབྲི་རྒྱུར་གལ་ཆེ། "དོལ་པོའི་སྐད་དེ་ཐུ་མིའི་བརྡ་སྤྲོད་དང་མཐུན་པོ་འདུག་"ཟེར་ས་དེ་མ་ནོར་བ་གནང་དགོས། དེང་སང་རང་རེ་མང་པོ་ཞིག་ལ་ཡོད་པའི་ན་ཚ་གཅིག་ནི། ཧི་མ་ལ་ཡའི་མི་རིགས་གཞན་ཞིག་གིས་ཁྱེད་ཚོའི་སྐད་དེ་སྤུས་ཀ་དག་ཤོས་རེད་འདུག ཚད་མཐོ་ཤོས་རེད་འདུག བརྡ་རྙིང་མང་ཤོས་རེད་འདུག ཟེར་དུས་ང་ཚོས་ཀྱང་ཞིབ་འཇུག་མ་བྱས་པར་ཡིན་ཤག་ཤག་བྱེད་ཀྱི་འདུག ཧི་མ་ལ་ཡའི་མི་རིགས་ཕལ་ཆེ་བ་ཕན་ཚུན་དེ་ལྟར་བསྟོད་རེས་ཀྱིས་རྨོངས་བཞིན་འདུག བརྡ་དག་གི་འགྲོས་ཞེ་དྲག་མི་ཤེས་མཁན་ཚོས་ཀྱང་། བསྟོད་ཚིག་དེ་འདྲ་རེ་ཟུང་གོ་དུས་མགོ་འཕང་མཐོ་མདོག་བྱེད་མཁན་མང་པོ་རེད། ངས་ནི་ནམ་རྒྱུན་ཧི་མ་ལ་ཡའི་མི་རིགས་ཚང་མའི་སྐད་ལ་བརྡ་རྙིང་དག་དག་གིས་ཁྱབ་ཡོད་པར་ངོས་ལེན་བྱེད་ཀྱི་མེད། མི་རིགས་ག་གེ་མོའི་སྐད་དེ་དང་དེར་བརྒྱ་ཆ་༢༥ནས་༣༥བར་བརྡ་རྙིང་ཡོད་ཀྱང། ༤༠ནས་༥༠བར་མང་པོ་ཞིག་ནི་སྒྲ་ཟུར་མ་ཕྱིན་པ་སྟེ་ཆད་པ་དང་ལྷག་པའི་སྒྲ་དག་དག་རེད་ལ། ༡༥ནས་༣༥བར་ནི་ཡུལ་ལུང་སོ་སོའི་ཐུན་མིན་བརྡ་ཆད་དང་མི་རིགས་གཞན་གྱི་སྐད་ནས་འདྲེས་པ་སོགས་ཅི་རིགས་ཡོད་པ་ཡིན་པས། ནམ་ཡང་སོ་སོའི་སྐད་ཡིག་ལ་བྱ་བ་བྱེད་འདོད་ན། བློ་གཟུ་བོར་གནས་ཤིང་། སྐད་བརྡ་རིག་པའི་རྣམ་གཞག་ལ་ཐུགས་སྣང་གནང་དགོས་པ་དང་། མཁས་དབང་གཞན་དང་མཉམ་དུ་གྲོས་སྡུར་གནང་རྒྱུ་སོགས་གལ་ཆེན་དུ་མཐོང་སོང་བས། དེ་ལུགས་རེ་བ་ནན་མོས་གསོལ་འདེབས་ཞུ།🙏


No comments:

Post a Comment