Thursday 24 August 2023

«ཚད་མ་རིགས་པའི་ཐེམ་སྐས་»ལ་ཐོས་བསམ་བགྱིད་པར་བསྐུལ་བ།


ཚད་མའི་བསྟན་བཅོས་མཐའ་དག་གནད་བསྡུས་ནས།།
རིགས་པའི་རྣམ་གཞག་འགྲོས་བདེར་བསྒྲིགས་པ་འདིའི།།
ཐེམ་སྐས་ལ་བརྟེན་རྐང་དྲུག་བུང་བའི་ཚོགས།།
ས་སྒང་འཇིག་རྟེན་གང་སར་ཁྱབ་དེར་བསྟོད།།

སྔ་འགྱུར་བ་ལ་ཚད་བསྡུས་འདི་འདྲ་ཤིན་ཏུ་དཀོན།།
དཀོན་པོའི་ནང་གི་ཚད་བསྡུས་འདི་ནི་མཆོག་གྱུར་ཏེ།།
ཉབ་ཉོབ་མང་བའི་ཚད་བསྡུས་གཞན་དང་མི་གཅིག་པར།།
གསལ་རྒྱས་རྫོགས་པའི་ཚད་བསྡུས་གནད་ལ་འཁེལ་བ་ཡིན།།

སྔ་འགྱུར་བ་རྣམས་ཚད་བསྡུས་གཞན་ལ་འགྲམ་ཆུ་མི་ལྡང་བར།།
འདི་ཉིད་རང་ལ་ལག་འཐིལ་ཟད་ཟད་སྦྱངས་ཀྱང་ཆོག་པ་ཡིན།།
ལོ་ངོ་གསུམ་དྲུག་སེ་འབྲས་སོགས་སུ་མི་ཚེ་དོན་མེད་མི་འཁྱོལ་ཆེད།།
ལོ་ངོ་གཅིག་ལའང་རང་སར་སྦྱངས་པས་ཆོག་པའི་དགེ་མཚན་ཡོད།།

ཚིག་གི་འགྲོས་གཙང་དགག་སྒྲུབ་སྤྲོས་པ་མེད།།
རང་ལུགས་གཙོར་བཞག་རྩོད་སྦྱོང་ཉུང་བསྡུས་རེ།།
བསྒྲིགས་པས་བློ་གསར་ཀུན་ཀྱང་དགའ་འཛུམ་གྱིས།།
སྤྲོ་བས་མི་འཇུག་ཐབས་མེད་ཁྱད་ཆོས་ཡོད།།

དེ་མིན་གཞན་ལུགས་དགག་དང་རང་ལུགས་བཞག་པ་དང་།།
རྩོད་པ་སྤོང་བ་ལ་སོགས་ལས་ནི་དང་པོ་པར།།
མགོ་རྙོག་ཆེ་བའི་ཚད་བསྡུས་དེ་དག་མིག་སྔུན་མི་འཛའ་ཞིང་།།
བློ་ཡིད་མི་འཐད་ཕྱིར་ན་འདིར་ན་སྐྱོན་དེ་མེད།།

བསྟན་བཅོས་འདི་ནི་ཐེག་པ་མཆོག་གི་རྣམ་གྲོལ་ས་ལ་རབ་བགྲོད་པའི།།
རྟག་ཏུ་བཤད་སྒྲུབ་མི་ནུབ་དར་ཞིང་རྒྱས་པར་སྤེལ་བའི་གླིང་ཆེན་ཏེ།།
རྒྱལ་ཡོངས་སྔ་འགྱུར་གདན་ས་ཆེན་མོའི་གཙུག་ལག་སློབ་ཁང་ཆེན་མོ་ནས།།
བསླབ་པ་མཐར་སོན་མཁས་པའི་ཕུལ་བྱུང་ངེས་དོན་པཎྜིཏ་ཡིས་མཛད།།

དེས་ན་སྔ་འགྱུར་སློབ་འབངས་བློ་གྲོས་གསར་བུ་ཚོ།།
གཞན་ལུགས་མཆིང་བུ་རེ་འགར་ནམ་ཡང་མ་འཐོམས་པར།།
རང་ལུགས་ནོར་བུ་ཀེ་ཏ་ཀ་ལ་ཡང་དག་རབ་འཇུག་སྟེ།།
ཚད་མའི་དེ་ཉིད་མྱུར་དུ་རྟོགས་པའི་དོན་ཐོབ་ཤོག།

ཞེས་པ་འདི་ནི། དེང་སང་རིས་མེད་ཀྱི་གདན་ས་ཁག་མང་པོར། ཚད་མའི་བསྟན་བཅོས་འདིར་ཐུགས་སྣང་དམིགས་བསལ་གནང་བཞིན་པར་དགའ་སྤྲོ་དང་བཅས། ན་གཞོན་གསར་བུ་རྣམས་ལ་ཕན་རླབས་སུ་དམིགས་ཏེ། བསྟན་བཅོས་འདི་ལ་དོ་སྣང་གནང་དགོས་པའི་བསྐུལ་མ་ཆུང་ཆུང་ཞིག་ཏུ། དོལ་ཚེ་དགས་གཟའ་སྐར་དགེ་བར་གང་དྲན་ཤར་མར་བཀོད་པ་དགེ་ལེགས་འཕེལ།




No comments:

Post a Comment