Thursday 10 August 2023

བློ་འཛིན་བགྱིད་པར་བསྐུལ་བའི་གཏམ་ཆུང་སྙན་པའི་བུ་རམ།


གཞུང་ལུགས་གང་ལའང་སྦྱངས་དང་མ་སྦྱངས་དེ། །
གཙོ་བོ་བློ་འཛིན་བྱས་དང་མ་བྱས་ཐུག།།
བློ་འཛིན་མ་བྱས་གཞུང་ལུགས་གང་ལ་ཡང་། །
ཡིན་ལ་མིན་ལར་སྦྱངས་པས་གོ་མི་ཆོད། །

སྤྱིར་ན་བློ་འཛིན་བྱ་བའི་གནས་གསུམ་སྟེ། །
གཞུང་ལུགས་སོ་སོའི་རྩ་བ་དེ་བཞིན་དུ། །
འགྲེལ་བའི་གནད་ཚིག་དེ་འབྲེལ་ལུང་ཁུངས་བཅས། །
མ་གཞིར་བཟུང་སྟེ་བློ་འཛིན་བྱ་ངེས་རིགས། །

ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་སོགས། །
མཁས་དགུའི་ཚུལ་ལ་འཇུག་པའི་སྒོར་གྱུར་པ། །
གཞི་དང་རྩ་བ་བློ་འཛིན་མ་བརྟེན་པར། །
སྒྲོ་འདོགས་གཅོད་ཐབས་མེད་ཕྱིར་ཇི་ལྟར་བསླབ། །

དེས་ན་མཁས་པའི་ཚུལ་ལ་འཇུག་འདོད་ན། །
ཇི་ཙམ་རིག་པ་སྐྱོ་བ་དེ་ཙམ་དུ། །
འབད་པས་བསྐྱངས་ཏེ་བློ་འཛིན་གང་ཐུབ་རེ། །
བྱེད་པའི་སྐལ་བར་འབུངས་ཤིག་ན་གཞོན་ཚོ། །

བློ་འཛིན་གྱིས་ནི་ཀླད་པའི་ནུས་པ་གསོ། །
བློ་འཛིན་གྱིས་ནི་དྲན་པའི་ནུས་སྟོབས་བསྐྱེད། །
བློ་འཛིན་མ་བྱས་ཀླད་ནུས་ཉམས་པ་ཡིས། །
དྲན་པ་ཡོངས་སུ་ཉམས་ཏེ་བློ་འཆལ་འགྱུར། །

ཞེས་དོལ་ཚེ་དགས་གཟའ་སྐར་དགེ་བའི་ཉིན། སློབ་གཉེར་བ་རྣམས་ལ་ཕན་རླབས་སུ་དམིགས་ཏེ། གང་དྲན་ཤར་མར་སྦྱར་བ་དགེ་ལེགས་འཕེལ།

No comments:

Post a Comment