རྒྱལ་བའི་རྒྱལ་ཚབ་སེམས་དཔའ་ཆེན་པོ་ཁྱེད།།
རིགས་གསུམ་མགོན་པོའི་མཁྱེན་བརྩེ་ནུས་གསུམ་གྱི།།
དཔལ་ལ་གཅིག་ཏུ་མངའ་དབང་འབྱོར་བར་མཛད།།
བྱམས་དང་སྙིང་རྗེ་སྟོང་དང་བརྟེན་འབྱུང་གི།།
ཞི་བའི་གཏམ་གྱིས་འགྲོ་རྨོངས་ཡོངས་སེལ་བས།།
འཇིག་རྟེན་མགོན་པོ་ཞེས་པའི་གྲགས་སྙན་དཔལ།།
ཁྱེད་ཉིད་ཁོ་ནས་བཞེས་ཤིང་རབ་ཏུ་ངོམས།།
མ་ལུས་མཁྱེན་པའི་གཏེར་མཆོག་འཇམ་དཔའི་དབྱངས།།
མངོན་སུམ་བྱོན་འདྲའི་ཁྱེད་ཀྱི་མཁྱེན་པ་དེས།།
གང་གི་སྲིད་གསུམ་གྲགས་སྙན་དཀར་པོ་མཆོག།
ཅིག་ཅར་ཉིད་དུ་འཕྲོག་པར་མཛད་པར་གྱུར།།
སྟོན་མཆོག་དྲང་སྲོང་གང་དང་མི་གཉིས་པར།།
རྟག་ཁྱབ་ལྷུན་གྲུབ་ཆེན་པོའི་ངང་བསྐྱངས་པས།།
མཚན་ཙམ་ལྟ་ཞོག་མཛད་ཕྲིན་ཆུང་ངུས་ཀྱང་།།
དྲང་སྲོང་གང་དེའི་གྲགས་སྙན་གཞིལ་བར་མཛད།།
ངེད་ཅག་ལས་འབྲས་རྣམ་པར་དཀར་འགྱུར་ན།།
མཆོག་གསུམ་སྤྱི་ཡི་བདེན་པའི་མཐུ་སྦྱིན་དང་།།
བཅོམ་ལྡན་ཚེ་དཔག་མེད་མགོན་བྱིན་མཐུ་ཡིས།།
མགོན་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པར་སྨོན།།
ཞེས་ཚིག་དོན་གོ་སླ་བས་དྲངས་ནས། དོན་རྒྱན་རྒྱན་སོ་བཞི་པ་རབ་སྤེལ་གྱི་རྒྱན་གཅིག་དང་། སོ་གཉིས་པ་ཡོངས་བརྗེས་ཀྱི་རྒྱན་གསུམ་དང་། སོ་ལྔ་པ་ཤིས་བརྗོད་ཀྱི་རྒྱན་གཅིག་གིས། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། བསྟན་འགྲོའི་མགོན་གཅིག་དམ་པ། ༸རྒྱལ་དབང་ཡིད་བཞིན་ནོར་བུ་གང་ཉིད། ཕྱི་ལུགས་ལྟར་ན་དགུང་གྲངས་དགུ་བཅུ་ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་གོ་སྟོན་ཉིན་མོར། དགའ་བསུ་དང་རྟེན་འབྲེལ་གྱི་དོད་དུ་དོལ་ཚེ་དགས་ཕུལ། ༢༠༢༥།༠༧།༠༦།

No comments:
Post a Comment