Wednesday 20 July 2022

བསླབ་གནས་གང་ལའང་རང་རྒྱུད་སྤྲོ་བ་སྐྱེད་པར་བསྐུལ་བའི་གྲོས་འདེབས།


བརྩོན་གང་སྤྲོ་བ་ཡིན་ཕྱིར་དང་། །
སྤྲོ་བ་མེད་ན་མི་འགྲུབ་ཕྱིར། །
བྱ་བ་གང་དང་གང་བརྩམས་རུང་། །
སྤྲོ་བ་ཁོ་ནས་བརྩོན་པར་འོས། །

སྤྲོ་བ་ལྡན་ན་སྤོབས་པ་སྐྱེ། །
སྤོབས་པ་སྐྱེ་ན་གདེང་ཚོད་འཐོབ། །
གདེང་ཚོད་འཐོབ་ན་བྱ་བ་ཀུན། །
འབད་ཀྱང་འབད་མེད་ཉིད་དུ་མཐོང་། །

སྤྲོ་བ་མེད་པའི་བརྩོན་པ་ནི། །
དོན་མེད་ངལ་བ་ཡིན་པ་སྟེ། །
གཞན་གྱི་དབང་ལྟར་བྱེད་པའམ། །
མི་འདོད་བཞིན་དུ་བྱེད་པའོ། །

རང་དགོས་བསླབ་གནས་གང་ཡིན་པ། །
རང་ལ་དབང་བ་ཡོད་བཞིན་དུ། །
གཞན་གྱི་དབང་ལྟར་བྱེད་བསམ་པ། །
དེ་ལས་བླུན་པ་ལོགས་ན་མེད། །

དེ་བཞིན་མི་འདོད་ལྟར་བྱེད་པའང་། །
ལེ་ལོའི་དབང་དུ་སོང་བས་ལན། །
གཞན་ན་མི་འདོད་ཅི་ཞིག་སྐྱེ། །
སྐྱེ་ནའང་དེ་ནི་ཁྲེལ་མེད་ཉིད། །

གང་ཟག་རང་རང་བློ་ཚོད་ལྟར། །
ཅུང་ཟད་མཁས་དང་མི་མཁས་ལས། །
གཏན་ནས་མི་མཁས་མི་སྲིད་ཕྱིར། །
ཁྱེད་ཀྱིས་མཁས་པར་བསླབ་པར་འོས། །

ཧ་ཅང་བདེན་པའི་གནས་ལུགས་ལ། །
ཡིད་ཆེས་མི་སྐྱེ་སུ་ཞིག་ཡོད། །
གལ་ཏེ་ཡོད་ན་དེ་འདྲ་ནི། །
རྨོངས་ཤིང་ལེ་ལོས་བསྒྲིབས་པ་ཉིད། །

དེ་ཡང་སྔོན་གྱི་ཁ་དཔེ་ལས། །
མ་སྦྱངས་བར་ལ་མཁས་མི་སྲིད། །
སྦྱངས་ན་མི་ཤེས་གང་ཡང་མེད། །
ཅེས་པའང་བདེན་ན་བདེན་དཔང་སྐྱོལ། །

དེའི་ཕྱིར་སྤྲོ་བས་མདུན་བསུས་ནས། །
བསླབ་གནས་གང་ལའང་ལེགས་བརྩོན་དང་། །
ཁྱེད་ཀྱིས་མི་ཤེས་ཟེར་བ་ཞིག །
གང་ཡང་སྲིད་པ་མ་ཡིན་ནོ། །

     ཞེས་དོལ་ཚེ་དགའི་མིང་ཅན་གྱི་བན་རུལ་དེས་ ༢༠༢༢/༠༧/༢༠ ནང་པར། གློ་བུར་དུ་རང་སེམས་གསོ་ཕྱིར་ཚིགས་བཅད་ཐོར་བུ་འགའ་ཞིག་འཕྲལ་མར་དྲན་པ་དག ཡིག་ཐོག་ཏུ་ཕབ་ཅིང་རང་སློབ་རྣམས་ལའང་ཕན་ཕྱིར་དམིགས་ཏེ་སྤེལ་བ་དགེའོ།།

No comments:

Post a Comment