Saturday 8 October 2022

༈ ཨོ་རྒྱན་རིན་པོ་ཆེའི་ཞལ་གདམས་ཚིགས་བཅད་གཅིག་གི་ཚིག་དོན་གོ་བདེར་བཀྲལ་བ།



བེམ་རིག་མ་བྲལ་ཆོས་ལ་སྒོམ་པ་གྱིས།།
མཚན་བྱང་མགོ་ལ་དབང་བསྐུར་བྱེད་ཚེ་ཕྱིས།།
རྣམ་ཤེས་བར་དོར་ཁྱི་གླེན་བཞིན་དུ་འཁྱམས།།
མཐོ་རིས་འདྲེན་ཏེ་དེ་ལ་དཀའ་ལས་ཡོད།།

བེམ་རིག་གམ་ལུས་སེམས་གཉིས་པོ་ནམ་ཞིག་ཁ་མ་བྲལ་བའི་བར་དུ། དམ་པའི་ཆོས་ལ་དད་བརྩོན་དྲག་པོས་སྒོམ་པ་ནན་ཏན་དུ་གྱིས་ཤིག་དང་། དེ་མིན་ཤི་ཚར་དུས་ཀྱི་གཤིན་པོའི་རྣམ་ཤེས་ལ་དམིགས་ནས། ཤོག་བྱང་ཞིག་གི་སྟེང་དུ་ཤི་བོ་དེའི་མཚན་བྱང་བཀོད་དེ། དེའི་མགོ་ལ་དབང་བསྐུར་བ་སོགས་ཀྱིས་གནས་འདྲེན་བྱེད་པའི་ཚེ་ནི་རྦད་དེ་ཕྱིས་དྲགས་ཟིན་པ་ཡིན། ཅིའི་ཕྱིར་ཟེར་ན་དེ་དུས་རང་གི་རྣམ་ཤེས་དེ་ཉིད་བར་དོར་ཁྱི་གླེན་པ་ས་དོང་གཏིང་རིང་ཞིང་གུ་དོག་པ་དེའི་ནང་ཚུད་པ་ལས། མི་ཤེས་པའི་མ་རིག་ཐུག་དྲགས་པས་ཐར་ཐབས་མི་འཚོལ་ཞིང་། ཐར་ཐབས་བཙལ་ཀྱང་ལས་དབང་གིས་ཐར་མི་ཐུབ་པར་ལུས་པ། དེ་བཞིན་དུ་ཤི་བོ་དེའང་རང་དབང་མེད་པར་ལས་ཀྱི་མཐུ་བཙན་པོས་དེད་དེ་བར་དོ་དེར་འཁྱམས་འགྲོ་བ་ཡིན་པས། དེ་ལྟ་བུ་ལ་ནི་དབང་བསྐུར་ངོ་སྤྲོད་སོགས་ཀྱིས་མངོན་མཐོའི་ལམ་ལ་འདྲེན་ཐུབ་རྒྱུ་ཕར་ཞོག མཐོ་རིས་ཙམ་ལ་འདྲེན་པའི་ཐབས་ཅི་ཡོད་བྱས་ཀྱང་ཏེ། མ་རིག་པའི་ཉོན་མོངས་ཐུག་དྲགས་པའི་གང་ཟག་དེ་དག་རྣམས་ལ་ཤིན་ཏུ་དཀའ་ལས་ཡོད་པས། ཅི་ནས་ཀྱང་ད་ལྟའི་ཚེ་འདི་ལ་གཟབ་གཟབ་གྱིས་ཏེ་དམ་པའི་ཆོས་རྣམ་དག་ཅིག་བསྒྲུབ་པར་ལྷུར་ལེན་གྱིས་ཤིག ཅེས་བཀའ་གནང་བའོ། །ཞེས་པ་འདི་ནི་དོལ་ཚེ་དགས་ ༠༨/༡༠/༢༠༢༢ ཉིན་བྱས་པ་དགེ་ལེགས་འཕེལ།

No comments:

Post a Comment